༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༡༣ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་ལ་དྭགས་སུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད།
དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་དྭགས་སུ་ཕེབས་འབྱོར་སྐབས་ས་གནས་ཀྱི་མང་གཙོ་ཀ་བ་གསུམ་དང་། ལ་སྤྱི་ལས་ཁུངས། སླེ་དང་བྱང་ཐང་རང་བདེན་ཚོགས་ཆུང་། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ། ཡན་ལག་སྨན་རྩིས་ཁང་། ལ་དྭགས་བོད་ཁྱིམ་སློབ་གྲྭ ས་གནས་གཞོན་ནུ། ས་གནས་བུད་མེད་ལྷན་ཚོགས། གྲོང་སྡེ་ཁག་གི་བརྒྱ་དཔོན། ས་གནས་ཆོས་རིག་ཚོགས་ཆུང་བཅས་ཀྱི་འབྲེལ་ཡོད་དབུ་འཛིན་དང་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ས་གནས་སུ་བཀའ་བློན་མཆོག་གིས་གསུང་བཤད་གནང་སྐབས། ད་ཐེངས་ལ་དྭགས་སུ་ཕེབས་ཏེ་འབྲེལ་ཡོད་ཚང་མ་ཐུག་འཕྲད་བྱུང་བར་ཐུགས་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། དམིགས་བསལ་ལ་དྭགས་སུ་འཚམས་གཟིགས་སུ་ཕེབས་དགོས་པའི་དམིགས་ཡུལ་འགྲེལ་བཤད་གནང་། དེ་བཞིན་ཁོང་མོས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་ཆེད་དགེ་རྒན་དང་ཕ་མ་གཉིས་ཀར་འགན་འཁུར་ཆེན་པོ་ཡོད་པས། ཚང་མས་ཧུར་ཐག་འབད་ཐག་གནང་སྟེ་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་ཐབས་གནང་དགོས་གལ་གསུངས་སོང་།
དེ་རྗེས་བཀའ་བློན་མཆོག་ལ་སྤྱི་ལས་ཁུངས་དང་། ས་གནས་ཁྲིམས་ཞིབ་ཁང་སོགས་ལ་དྭགས་ས་གནས་ཀྱི་གཞུང་འབྲེལ་ཚོགས་པ་ཁག་གི་ལས་ཁུངས་སུ་གཟིགས་སྐོར་ཕེབས་ཡོད་པ་དང་། དེ་ནས་ལ་དྭགས་བོད་ཁྱིམ་དང་དེའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་རྒན་གསོ་ཁང་བཅས་སུ་འཚམས་གཟིགས་དང་། དགེ་སློབ་དང་ས་གནས་མི་མང་ལྷན་ཐུག་འཕྲད་གནང་རྒྱུ་ཡིན་པ་རེད། ཤེས་རིག་བཀའ་བློན་ལྷན་དུ་ཤེས་རིག་འཆར་འགོད་ཚན་པའི་ལས་བྱེད་རྡོ་རྗེ་དབང་ཕྱུག་ལགས་ཀྱང་ལྷན་བཅར་ཞུས་ཡོད་པ་བཅས།།