༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་ཆོས་ཞུ་བ་ ༣༠༠ གཙོས་རྒྱབ་ཁབ་ ༧༥ ནས་ཕེབས་པའི་ཆོས་ཞུ་བ་ ༦༢༠༠ བརྒལ་བར་སེམས་བསྐྱེད་དང་། མ་ཎི་སོགས་ཀྱི་ལྗགས་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སོག་པོའི་གཞོན་སྐྱེས་ཕོ་མོ་ཁག་ཅིག་གིས་གཙོས་སོག་རིགས་ཡོངས་ནས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་མི་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རྒྱུད་ཀྱི་མི་རིགས་དང་། སོག་རིགས་སོགས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་ཚུལ་ལ་དོ་སྣང་ཡོད་མཁན་མང་པོ་ཡོང་གི་ཡོད་པ་རེད། སངས་རྒྱས་པའི་ཆོས་ཚུལ་འདི་ལ་དེ་སྔ་ཞིབ་ཚགས་པོའི་དོ་སྣང་ཡོད་པ་མ་རེད། བར་སྐབས་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་བ་དང་། སངས་རྒྱས་པའི་ཆོས་འདི་དམིགས་བསལ་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་པས་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་། བསླབ་བྱས་སེམས་རྒྱུད་འདུལ་བ་དང་། སྤྱི་ཚོགས་ནང་དང་འཛམ་གླིང་ལ་ཞི་བདེ་ཡོང་བར་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་པ་ཞིག་རེད། དེ་ལ་དེང་སང་དོ་སྣང་གསར་པ་ཞིག་ཡོང་གི་འདུགདེ་རིང་འདིར་ང་ཚོས་སངས་རྒྱས་པའི་ཆོས་ཀྱི་ཆོས་འབྲེལ་བྱེད་བཞིན་པ་རེད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། མི་ཚེ་ཡར་ལོངས་ཡོང་དུས་ཆུང་ཆུང་སྐབས་ནས་བསམ་བློ་བཏང་བའི་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བས་ཁ་ཡོད་ལག་ཡོད་དུ་ཕན་ཐོགས་ཆེན་པོ་ཡོད་པ་ཉམས་མྱོང་ལ་ཡོང་གི་འདུག དེ་དང་འབྲེལ་ནས་ངོས་ཀྱིས་ངོ་ཤེས་རོགས་པ་ཚོར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་བཤད་པས་དོ་སྣང་གསར་པ་སླེབས་ཡོད་པ་ཞིག་དང་། དགའ་མོས་ཤུགས་ཆེན་པོ་བྱེད་ཀྱི་འདུག
ངོས་ལ་ཆ་བཞག་ན་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པ་རེད། རང་གི་ལུང་པར་བྲལ་ནས་འདིར་སླེབས་ཡོད་པ་རེད། གང་ལྟར་ས་གནས་ལ་ཁྱད་པར་མི་འདུག མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་བའི་ལོ་སྟོང་ཕྲག་རིང་གི་བོད་ཀྱི་ལེནྡྲའི་ཆོས་བརྒྱུད་ཀྱི་བསམ་བློ་གཏོང་སྟངས་ལ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་རྒྱ་ཁྱབ་དོ་སྣང་ཡོད་པ་ཞིིག་རེད། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད། དཔེར་ན། བོད་ལ་ཆ་བཞག་ན་དངོས་གནས་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་གིས་བཟུང་ཡོད་ཀྱང་། ལོ་སྟོང་ཕྲག་གི་རིང་ལ་རང་བཞིན་གྱིས་གོམས་གཤིས་ཡོད་པའི་སེམས་པ་བཟང་པོ་བྱེད་པ་དང་། གཞན་ལ་ཕན་སེམས་བྱེད་པ་དེ་ཧ་ཅང་ཡག་པོ་རེད། བོད་ཀྱི་རིག་གཞུང་ངམ། གོམས་གཤིས་ཀྱི་མིག་ལྟོས་བཟང་པོ་ཞིག་ཡོད་པ་འདི་ལ་ཕྱི་ནང་གི་རྐྱེན་ག་རེ་བྱུང་བ་ཡིན་ནའང་། དེ་དག་ལྟོས་པ་མེད་པར་མུ་མཐུད་ནས་ང་ཚོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་ཆོས་བརྒྱུད་ཐོག་ལ་ལྷག་བསམ་གཡོ་བ་མེད་པར་དད་འདུན་རྩེ་གཅིག་ཏུ་བྱེད་པ་དང་། དེའི་ཞོར་ལ་ངོས་ལའང་དགའ་མོས་དང་། ཡིད་ཆེས་རྩེ་གཅིག་རེད། བོད་ཙམ་དུ་མ་ཟད་རྒྱ་ནག་ཏུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོས་བོད་ལ་ཡོད་པའི་ཆོས་ཀྱི་གོམས་གཤིས་བཟང་པོ་དེའི་ཐོག་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག བོད་ལ་དཀའ་ངལ་མང་པོ་འཕྲད་ཀྱང་། འཛམ་གླིང་སྤྱི་ལ་བོད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གཞུང་འདིས་ཕན་ཐོགས་གང་འཚམ་བྱེད་ཐུབ་པ་མཐོང་གི་འདུག དེ་ང་ཚོ་སྤོབས་པ་སྐྱེ་དགོས་པ་རེད།གཉིས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ནི་སེམས་ཁམས་རིག་པ་དང་འབྲེལ་ནས་ཡོང་གི་ཡོད། དེའི་ཆ་ནས་བཤད་དུས་ཚན་རིག་པ་ཚོས་ཀྱང་དོ་སྣང་གསར་བ་བྱེད་ཀྱི་འདུག ཆོས་དད་མེད་མཁན་ཚོས་ཀྱང་སེམས་ཀྱི་ཞི་བདེ་ཡོང་བར་བོད་ཀྱི་ཆོས་ཀྱི་བསམ་བློ་ལས། སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་འཕྲལ་དུ་སེམས་ཀྱི་ཞི་བདེ་ཡོང་བ་དང་། དེ་ལ་བརྟེན་ནས་ལུས་ཀྱི་འཕྲོད་བསྟེན་ཡོང་བའི་ཐོག་ལ་དོ་སྣང་གསར་པ་བྱེད་ཀྱི་འདུག ངོས་ལ་ཆ་བཞག་ན་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད་པས་ལུས་ཀྱི་འབྱུང་བ་སྙོམས་སྡོད་པ་དང་། སེམས་ལ་འཁྲུགས་ཐེབ་རྒྱུ་གང་ཡང་མེད་པར་གཉིད་སྐྱིད་པོ་ཁུགས་ཐུབ་པ། སེམས་ལྷོད་ལྷོད་ཡོང་གི་འདུག དངོས་གནས་ཞི་བདེ་ཡོང་བའི་བསམ་བློ་གཏོང་སྟངས་གཙོ་བོ་གཅིག་དེ་རེད། སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་བརྒྱུད་འདི་ལ་ང་ཚོ་ཚང་མས་དོ་སྣང་བྱེད་ཀྱི་ཡོད་ལ། ངོས་རང་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བར་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། དེ་རིང་འདིར་ཆོས་གྲོགས་ཚོར་ཐུག་ནས་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། དེ་རིང་འདིར་སོག་རིགས་ཚོ་གཙོ་བོ་རེད། བོད་དང་སོག་པོ་གཉིས་ལོ་སྟོང་ཕྲག་རིང་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་དང་། བོད་ནས་སོག་པོའི་མཁས་པ་མང་པོ་བྱུང་བ་རེད། བོད་དང་སོག་པོ་གཉིས་ཆོས་དང་རིག་གཞུང་གི་ཐོག་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ངོས་རང་ལ་འབྲེལ་བ་ཡོད་པ་རྒན་དངོས་གྲུབ་ཚོགས་གཉིས་སོག་པོ་རེད། ངོས་ལ་གཞུང་ཆེན་ཁྲིད་མཁན་གཙོ་བོ་དེ་དངོས་གྲུབ་ཚོགས་གཉིས་ཡིན། ཁོང་སོག་པོ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ངོས་ཀྱི་ཡོངས་འཛིན་དམ་པ་གཉིས་བཀའ་དྲིན་ཆེན་པོ་རེད་དེ། གཞུང་ཆེན་རྣམས་རྟགས་གསལ་གྱི་ལམ་ནས་ཁྲིད་མཁན་རྒན་དངོས་གྲུབ་ཚོགས་གཉིས་ཀྱིས་གཙོ་བོ་གནང་བ་རེད། དངོས་གནས་བཀའ་དྲིན་ཆེན་པོ་ཡིན། ངོས་རང་སྒེར་ལ་ཆ་མཚོན་ན་བཀའ་དྲིན་རྗེས་ཀྱིས་དྲིན་གསོ་བ་ནི་མི་མང་སྤྱི་དང་། ལྷག་པར་དུ་སོག་རིགས་ཚོར་ངོས་ཀྱིས་ཕན་ཐོགས་སམ་སྐུལ་མ་ཏོག་ཙམ་བྱེད་ཐུབ་པའི་གོ་སྐབས་འདུག་ལ། དེ་རྒན་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཞུ་བཞིན་ཡོད།
ཆོས་ཟེར་བ་ནི་ཚིག་ཙམ་གྱི་སྐད་ཆ་མ་རེད། སོ་སོའི་སྒོ་གསུམ་གྱི་སྤྱོད་པའི་ཐོག་ནས་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་བ་ཉམས་ལེན་བྱེད་དགོས། གང་ལྟར་སོ་སོའི་ལུས་བདེ་བ་དང་སེམས་སྐྱིད་པ། ངག་འཇམ་པ་ཡོང་བར་ཆ་རྐྱེན་ཡོད་པ་རེད་ལ། ང་ཚོས་ལག་ལེན་བསྐྱལ་ནས་ཆ་ཚང་བ་ཞིག་བྱེད་ཐུབ་དགོས། སྤྱིར་སྟོན་པ་བཀའ་དྲིན་ཅན་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་རྣམས་རེད། ཁོང་ཚོ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རེད། དེ་རིང་འདིར་སོག་རིགས་ཚོ་གཙོ་བོ་བྱས་ཏེ་ཆོས་འབྲེལ་བྱས་པ་ནི་ངོས་རང་ལ་ཆ་བཞག་ན་བཀའ་དྲིན་རྗེས་དྲན་གྱིས་སེམས་ལ་དམིགས་བསལ་སྤྲོ་བ་ཞིག་ཡོང་གི་འདུག ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོའི་སངས་རྒྱས་པའི་ཆོས་ནི་དད་པ་གཅིག་པུ་མ་ཡིན་པར་ལྟ་གྲུབ་ཀྱི་ཐོག་ནས་གཏིང་ཟབ་མོ་དང་རྒྱ་ཆེན་པོའི་ཐོག་འགྲོ་རྒྱུ་ཡོད་པ་རེད། དེ་ལ་སློབ་སྦྱོང་ཧ་ཅང་གལ་ཆེན་པོ་རེད། གོས་ངུར་སྨྲིག་གྱོན་པ་ཙམ་གྱིས་མི་ཆོག་པར་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་དགོས། བསམ་བློ་གཏོང་རྒྱུ་ཡོད་པ་ལ་སློབ་སྦྱོང་བྱེད་དགོས་པ་རེད་མ་གཏོགས། དད་པ་གཅིག་པུས་ཡོང་ཐབས་མི་འདུག ངོས་རང་ལ་མཚོན་ན་ཞོགས་པ་གཉིད་སད་པ་དང་། བྱང་ཆུབ་ཀྱི་སེམས་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་གི་ཡོད། དེ་བཞིན་དུ་སྟོང་ཉིད་ཀྱི་ལྟ་བ་ལའང་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་གི་ཡོད། དེས་ང་རང་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཤུགས་ཆེན་པོ་ཡོང་བ་ཉམས་མྱོང་ཐོག་ནས་ཤེས་ཀྱི་འདུག ང་ཚོ་ཆོས་གྲོགས་རེད། བོད་ཀྱི་སྔོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་གྱིས་ང་ཚོར་ཆོས་དང་རིག་གཞུང་གི་སྲོལ་བརྟན་པོ་ཞིག་བཙུགས་ཡོད་པ་འདི་ལ་རྒྱ་མི་གུང་བྲན་གྱིས་ནུས་མེད་གཏོང་ཐབས་མང་པོ་བྱེད་ཀྱི་ཡོད་ཀྱང་། དེང་སང་རྒྱ་རིགས་མང་པོས་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག དེར་བརྟེན། བོད་ལ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་ཞིག་ཡོད་པ་དེ་ལ་ང་ཚོས་བདག་པོ་བརྒྱབ་ནས་ཧ་ཅང་ཡག་པོ་རེད། རྒྱ་ནག་ཏུའང་འདི་ཏན་ཏན་ཤུགས་ཆེན་པོ་སླེབས་ཐུབ་པ་ཞིག་དང་། འཛམ་གླིང་གང་སར་དོ་སྣང་གསར་པ་སླེབས་ཐུབ་པ་ཞིག་རེད། གོང་དུ་ཞུས་པ་ལྟར་རེད། ཚན་རིག་པ་ཚོའི་མཉམ་དུ་གོ་བསྡུར་ཞུ་རྒྱུ་ཞིག་ཡོང་གི་ཡོད་པ་དེ་ལ་ངོས་ཀྱིས་རྐང་བྱེད་ཀྱི་ཡོད། ངོས་རང་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད། སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱས་ཏེ་ཉམས་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཚན་རིག་གི་བསམ་བློ་གཏོང་སྟངས་སྦྲེལ་ནས་ཡོང་དུས་ཚན་རིག་པ་མང་པོས་དོ་སྣང་གསར་པ་བྱེད་པ་ཞིག་ཡོང་གི་འདུག ངོས་ནས་འདི་ལྟར་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་རྗེས་དད་ལྡན་ཚོས་ཞུ་བ་ཡོངས་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་རྒྱུའི་བཀའ་སྩལ་དོན། སེམས་བསྐྱེད་ཅིག་བྱ་རྒྱུ་ཡིན། སེམས་བསྐྱེད་ནི་ཧ་ཅང་རྩ་ཆེན་པོ་རེད། སེམས་བསྐྱེད་ཀྱི་བསམ་བློ་གཏོང་དུས་སེམས་ལ་རང་བཞིན་གྱིས་ཞི་བདེ་ཡོང་བ་ཞིག་རེད། གང་ལྟར་གཞན་ཕན་སྒྲུབ་པའི་ནུས་པའང་ཆེ་རུ་ཆེ་རུ་འགྲོ་ཐུབ་པ་ཞིག་ཡིན་པས་ང་ཚོས་སེམས་བསྐྱེད་ལ་བསམ་བློ་གཏོང་དགོས། སེམས་བསྐྱེད་ལ་རྒྱུ་འབྲས་མན་ངག་བདུན་མའི་སྒོ་ནས་བློ་སྦྱོང་བའང་ཡོད། བདག་གཞན་མཉམ་བརྗེའི་སྒོ་ནས་བསམ་བློ་གཏོང་བ་ནི་ཤུགས་ཆེ་བ་རེད། དེ་ལ་རང་གཅེས་འཛིན་གྱི་སྐྱོན། གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་བློ་བཏང་ཡོང་དུས། གཞན་གཅེས་པར་འཛིན་པའི་གཅེས་འཛིན་དེ་གཞན་དང་མི་འདྲ་བར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་དང་། གཞན་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེན་པོ་བྱུང་ན་རང་དོན་ཞོར་ལ་འགྲུབ་ཡོང་བ་ཞིག་རེད། ངོས་ལ་མཚོན་ན་དེ་ནི་ཚོད་ཐིག་པ་ཞིག་འདུག ཅི་ཙམ་གྱིས་གཞན་གཅེས་འཛིན་གྱི་བློ་ཡོད་པ་དེའི་ཚོད་ཀྱིས་སེམས་ལ་སྤོབས་པ་སླེབས་པ་དང་། སེམས་ལ་ཞི་བདེ་སླེབས་པར་ཕན་ཐོགས་ཆེན་པོ་འདུག བདག་གཞན་མཉམ་བརྗེའི་བསམ་བློ་ནི་ཧ་ཅང་ནུས་པ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་།ˌདེ་རིང་འདིར་སོག་རིགས་མང་པོ་ཞིག་ཡོད་པ་རེད། འདིར་དངོས་སུ་མེད་པ་ཚོས་རླུང་འཕྲིན་སོགས་ནས་གོ་སྡོད་ཀྱི་རེད། གཞན་གཅེས་པར་འཛིན་པའི་གཅེས་འཛིན་གྱི་བློ་དེ་ཧ་ཅང་རྩ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་ལ་མཚོན་ན་འཛམ་གླིང་ལ་མི་གྲངས་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་མཚུངས་ཡིན་བསམ་པ་ཞིག་གིས་ཀུན་ལ་བརྩེ་བ་བྱས་ཏེ། རང་གཅིག་པུར་བསམ་བློ་བཏང་བ་མིན་པར་ཚང་མ་བདེ་ཞིང་སྐྱིད་པ་བྱུང་ན་བསམ་པའི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། སྔོན་ལ་འཛམ་གླིང་འདི་སོ་སོའི་ཁྱིམ་ཚང་གི་མི་ཚོས་མཚོན་པའི་སོ་སོའི་ལུང་པ་དང་། རིམ་པར་འཛམ་གླིང་གི་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། འདི་དག་ཚང་མ་བདེ་བ་དང་ལྡན་པ་ཞིག་བྱུང་ན་བསམ་པའི་སེམས་བཟང་པོ་ཞིག་བསྐྱེད་ཤོག
འཛམ་གླིང་འདིའི་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། དེར་བརྟེན། བདེ་བ་ནི་ཕྱི་ལོགས་ནས་ཚུར་ཡོང་བ་མ་ཡིན་པར་སེམས་མ་སྐྱིད་པ་བཟོ་མཁན་དེ་ཉུང་དུ་གཏོང་བ་དང་། སེམས་ཀྱི་ཞི་བདེ་ཡོང་བ་ལ་དོ་སྣང་བྱས་པ་ཡིན་ན་སོ་སོའི་སེམས་ཀྱི་ཞི་བདེ་ཡོང་ཐུབ་པ་ཞིག་རེད། སོག་རིགས་ཀྱི་ཆོས་གྲོགས་ཚོས་མཚོན་པའི་ཆོས་གྲོགས་ཚང་མས་བདེ་སྐྱིད་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་རེད། བདེ་སྐྱིད་ཀྱི་རྩ་བ་སེམས་ཀྱི་ཞི་བདེ་རེད། སེམས་ཀྱི་ཞི་བདེ་ནི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །གསུངས་པ་ལྟར། རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་བ་དང་། ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་གྱི་བློ་ཤུགས་ཆེ་རུ་གཏོང་ཐུབ་ན། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེ་བཞིན་བདག་གཞན་བརྗེ་བའི་བློ་སྦྱོང་གི་བསམ་བློ་འདི་ནི་ཧ་ཅང་ཡག་པོ་རེད།
ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་རང་གཅེས་འཛིན་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་ཆུང་དུ་གཏོང་བ་དང་། གཞན་གཅེས་འཛིན་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་ཆེ་རུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། དེ་བྱས་པའི་འབྲས་བུར་སོ་སོར་སེམས་ཀྱི་ཞེ་བདེ་ཡོང་གི་འདུག སེམས་ཀྱི་ཞི་བདེ་བརྒྱུད་ནས་བསམ་བློ་ལྷོད་ལྷོད་ཆགས་ཀྱི་འདུག དེ་ངོས་ཀྱི་ཉམས་མྱོང་ཐོག་ནས་ཡིན། ཆོས་གྲོགས་ཚོས་དེ་བཞིན་དགོངས་པ་བཞེས་ཤོག སེམས་པ་བཟང་པོ་བྱེད་པ་ནི་ཆོས་ཀྱི་སྙིང་པོ་ཆགས་ཡོད། ཆོ་ག་ཕྱག་ལེན་དང་ཡི་དམ་སོགས་མང་པོ་ཡོད་ཀྱང་། གཙོ་བོ་སེམས་བཟང་པོ་བྱ་རྒྱུ་དེ་རེད། འཛམ་གླིང་འདིར་ཡོད་པའི་མི་གཙོ་བོར་གྱུར་པའི་སྲོག་ཆགས་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ཚང་མ་བདེ་བ་དང་ལྡན་པ་བྱུང་ན་བསམ་པ་ཞིག་དགོས། དུད་འགྲོ་ཡིན་ནའང་མས་བུ་ལ་བརྩེ་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། ང་ཚོ་མིས་བསམ་བློ་ཏོག་ཙམ་ཤུགས་ཆེ་རུ་བཏང་ན་འཛམ་གླིང་འདིར་རང་ཉིད་འཚོ་བའི་རྒྱུ་རྐྱེན་གཙོ་བོ་གཞན་ལ་བརྟེན་ནས་ཡོང་དགོས་པས་གཞན་གཅེས་འཛིན་གྱི་བློ་ཡག་པོ་ཞིག་གསལ་བཏབ་ནས་སེམས་ཅན་ཐམས་ཅད་དང་། ལྷག་པར་དུ་འཛམ་གླིང་འདིའི་མི་གཙོ་བོར་གྱུར་པའི་སེམས་ཅན་ཚང་མ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སེམས་པ་བཟང་པོ་དང་འབྲེལ་ནས་མ་སྐྱེ་བ་སྐྱེས་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བ་ཞིག་བྱ་རྒྱུ་ཡིན་བསམ་པ་དགོས། མི་གཞན་གྱིས་རེ་འདུན་བྱས་པའི་སྔོན་ལ་སོ་སོ་རང་ཉིད་ཀྱིས་རང་གཅེས་འཛིན་གྱི་སྐྱོན་ལ་བལྟས་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་བསྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་བྱུང་ན་ཅི་མ་རུང་སྙམ་དུ་ཚང་མས་སེམས་བཟང་པོ་ཞིག་སྒོམས། ཞེས་དང་།
ངོས་ལ་ཁྱོད་རང་ཚོས་དད་པ་བྱེད་ཀྱི་ཡོད་པ་རེད། ང་ལ་ཁྱོད་ཚོས་སྒྲུབ་པའི་མཆོད་པ་ཕུལ་བ་ཡག་ཤོས་ནི་གཞན་ཕན་གྱི་བློ་ཡག་པོ་ཞིག་བསམ་བློ་ཐོངས་དང་། དེ་ནི་སྒྲུབ་པའི་མཆོག་པ་ཡག་ཤོས་རེད། མཁྱེན་སོང་ངམ། ཞེས་སོགས་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། མཐར་མ་ཎིའི་ལྗགས་ལུང་དང་། ཚེ་དཔག་མེད་ཀྱི་གཟུངས་སྔགས་ཀྱི་ལྗགས་ལུང་། སྒྲོལ་མའི་གཟུངས་སྔགས། རྣམ་རྒྱལ་མའི་གཟུངས་སྔགས་བཅས་བཀའ་དྲིན་སྩལ་བ་དང་། མཐར་བླ་མའི་དགེ་རྒན་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་དང་། མཐར་སོག་པོའི་བླ་མའི་དགེ་རྒན་རིན་པོ་ཆེ་མཆོག་གིས། བླ་མའི་དགེ་རྒན་བླ་བྲང་དང་འབྲེལ་ཡོད་དད་ལྡན་སོག་ཡུལ་མི་མང་གི་ཚབ་བྱས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རབས་ཐམས་ཅད་དུ་གུས་ཅག་༸སྐྱབས་འོག་ཏུ་གཏོགས་པ་རྣམས་སྤྲུལ་བའི་ཟློས་གར་ཟམ་མ་ཆད་པས་ཐུགས་རྗེ་ལྕགས་ཀྱུས་ནམ་ཡང་མི་གཏོང་བ་ནི་གུས་ཅག་གི་རིང་ནས་ནམ་ཡང་སྙིང་ལ་བརྣགས་པའི་གསོལ་འདེབས་ཉག་གཅིག་ཡིན། ཞེས་དང་། གུས་ཅག་༸སྐྱབས་འོག་པ་རྣམས་ཀྱིས་ཀྱང་༸མགོན་པོ་གང་ཉིད་དང་དགའ་ལྡན་ཕོ་བྲང་གི་བླ་ན་མེད་པའི་ལམ་སྟོན་འོག་གཡོ་བ་མེད་པའི་དམ་ཚིག་གཟོང་ཁ་ཆིག་སྒྲིལ་དང་བླ་མའི་བཀའ་གསུང་ཅི་སྒྲུབ་ཀྱིས་ཐུགས་མཉེས་པའི་མཆོད་སྤྲིན་དུ་ནུས་རྒུ་རྩལ་སྤྲུགས་ཀྱི་གཡར་དམ་གཙང་མ་སྔར་ཡོད་ཕྱིས་ཀྱང་འགྱུར་བ་མེད་པ་ལགས་ན། སླད་མར་ཡང་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་བཞད་པའི་མཐོང་གྲོལ་མཚན་དཔེའི་ལང་ཚོ་གཞོམ་གཤིག་ཡོངས་བྲལ་རྡོ་རྗེའི་ཁམས་སུ་བརྟན་ཅིང་། རྨད་དུ་བྱུང་བའི་གསང་གསུམ་འཕྲིན་ལས་ཀྱི་འཇུག་པ་འཛམ་གླིང་སྤྱི་དང་བཀའ་འབངས་རྣམས་ཀྱི་ཉེར་འཚོའི་གཞི་རུ་འགྱུར་བའི་སྨོན་ལམ་ཤུགས་དྲག་དང་བཅས། ཞེས་གསོལ་འདེབས་ཞུས་པ་བཅས་སོག་པོའི་དད་ལྡན་ཆོས་ཞུ་བ་གཙོས་སེར་སྐྱ་མི་མང་ལ་ཉིན་གཉིས་རིང་གི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད། །