༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༩ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཆིབས་བསྒྱུར་བསྐྱངས་སྐབས་སོག་པའི་བླ་མའི་དགེ་རྒན་རིན་པོ་ཆེ་དང་། དཔལ་ལྡན་འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སོག་པོའི་དད་ལྡན་ཆོས་བ་རྣམས་ཀྱིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། གསུང་ཆོས་སྦྱིན་བདག་གཙོ་གྲས་ཁག་ཅིག་གིས་མཇལ་ཁ་ཞུས་ཤིང་། བླ་མའི་དགེ་རྒན་རིན་པོ་ཆེས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པའི་སྐབས། དེ་རིང་འདིར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་ཐག་ཉེ་པོ་རེད། ཆོས་རྗེ་བློ་བཟང་གྲགས་པ་ཞེས་གསུངས་པ་ནང་བཞིན་ངོས་ལའང་བློ་བཟང་གྲགས་པ་ཞེས་ཕལ་ཆེར་ལབ་ཆོག་གི་རེད། ངོས་ཀྱི་མི་ཚེ་འདི་ལ་ཕྱིར་མིག་བལྟས་པ་ཡིན་ན་བསྟན་པའི་བྱ་བ་སྤྱི་དང་། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་། འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་སྒྲུབ་ཡོད། འཛམ་གླིང་སྤྱི་ཡོངས་ལ་མཚོན་ནའང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཞི་བདེ་ཡོང་བ། དེ་བཞིིན་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་གཅིག་ལ་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱེད་པ་ལ་ངོས་ཀྱིས་བྱས་རྗེས་གང་འཚམ་བཞག་ཡོད། འཛམ་གླིང་འདིར་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པའི་ཨ་མདོ་བ་ཞིག་གིས་དུས་ཚོད་གཉན་འཕྲེང་འདིའི་སྐབས་སུ་རྗེ་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཡོད། ངོས་ཀྱི་ངོས་ནས་ཆ་བཞག་ནའང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཁྱོད་རང་ཚོ་ཆོས་གྲོགས་ཚོར་འདི་ཞུ་འདོད་བྱུང་། ང་ཚོ་ཚང་མ་སྤྱི་ཡོངས་ཀྱི་ཆ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། གཉིས་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་གནས་མཐའ་དག་ཚང་བའི་ཆོས་ཚུལ་འདིའི་རྗེས་འབྲང་ཆགས་ཡོད།
ད་ལྟ་ཕན་ཆད་དུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་བོད་མི་ཚང་མ་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བྱེ་བྲག་ཏུ་ཁྲི་སྲོང་ལྡེ་བཙན་གྱིས་ལམ་སྟོན་གནང་བ་དེར་ཏག་ཏག་འགྲོ་མཁན་ཆགས་ཡོད། འཛམ་གླིང་འདིར་ཁྲི་སྲོང་ལྡེ་བཙན་གྱི་ཆོས་རྒྱུན་འཛིན་མཁན་ང་ཚོ་བོད་པ་ཡིན། རྨི་ལམ་སོགས་ལ་བལྟས་ཡོང་སྐབས་ངོས་རང་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་ཡིན་པ་ཧ་ཅང་གསལ་བོ་ཞིག་ཐོན་ཡོང་གི་འདུག དེར་མ་ཟད་ངོས་ཀྱིས་ག་ཚོད་ཐུབ་ཐུབ་ཀྱིས་ཁྲི་སྲོང་ལྡེ་བཙན་གྱི་ལམ་སྟོན་དང་། དགོངས་བཞེད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་འབད་བརྩོད་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ཁྱོད་ཚོ་མི་མང་ལ་ཆ་བཞག་ནའང་ང་ལ་ཡིད་ཆེས་བྱས་ཏེ། ངོས་ཀྱི་རེ་འདུན་དང་བསམ་ཚུལ་བཏོན་པ་རྣམས་ལ་ཡིད་ཆེས་བློས་འགེལ་བྱས་ནས་འགྲོ་བཞིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོ་བོད་གངས་ཅན་གྱི་ཆོས་ཚུལ་མཁན་ཆེན་ཞི་བ་འཚོ་ནས་རྒྱུད་པ་རེད། དེ་ཡང་གཙོ་བོ་མགོན་པོ་ཀླུ་སྒྲུབ་དང་། ཐོགས་མེད་སོགས་ནས་མར་བརྒྱུད་ནས་ཡོང་བ་རེད། བསམ་བློའི་འགྲོ་སྟངས་ཐོག་ནས་བཤད་དུས་ཚན་རིག་དང་མཐུན་པ། བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ། འཛམ་གླིང་གི་དངོས་ཡོད་དཀའ་ངལ་སེལ་བ་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། ངོས་རང་མཁན་ཆེན་ཞི་བ་འཚོའི་རྗེས་འབྲངས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་ཡིན་པ་གསལ་པོ་རེད། ད་ལྟ་ཕན་ཆད་དུ་ཧུར་ཐག་བྱས་པ་ཡིན་ལ་ད་དུང་ཡང་ལོ་བརྒྱ་ལྷག་རིང་མཁན་ཆེན་ཞི་བ་འཚོ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པ་དང་མཐུན་པ་ཞིག་ལ་ཧུར་ཐག་བྱེད་བསམ་ཡོད། ཁྱོད་ཚོས་དེ་ལུགས་ཐུགས་སྨོན་ཡག་པོ་ཞིག་གནང་ཤོག
ངོས་རང་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་ཡིན་པ་ཧ་ཅང་གསལ་པོ་དྲན་ཡོང་གི་འདུག སྔར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་བསྟན་སྲིད་ཀྱི་ཆེད་དུ་མཛད་རྗེས་ཆེན་པོ་བཞག་པ་རེད། ད་ལྟའི་དུས་ཚོད་འདི་ལ་སྐྱེས་ས་ཕ་ཡུལ་མདོ་སྨད་ཕྱོགས་ནས་ཡིན་པ་དང་། ཤེས་པའི་རྒྱུད་དེ་ཁྲི་སྲོང་ལྡེ་བཙན་གྱི་ཤེས་རྒྱུད་ཡིན་པ་རྨི་ལམ་ལ་ཤིན་ཏུ་གསལ་པོ་ཡོང་གི་འདུག ཁྱོད་ཚོས་ཀྱང་བསམ་བློའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་འཁྲིས་སུ་ཡོད་བསམ་ནས་ཧུར་ཐག་བྱོས། ཚང་མ་བློ་བདེ་བར་བཞུགས། དངོས་ཡོད་གནས་ཚུལ་ལ་བལྟས་པ་ཡིན་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་འདི་ཡི་ཐོག་ནས་འཛམ་གླིང་འདིར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་ཚུལ་འདིས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོང་ཐུབ་པའི་གོ་སྐབས་ཡོད་པ་ལྟ་བུ་འདུག དེར་བརྟེན་ཧུར་ཐག་བྱས་ཏེ་ད་ལྟ་དགུ་བཅུའི་མཚམས་ལ་སླེབས་ཀྱི་ཡོད། ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པའི་བཟོ་ལྟ་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན་ལ་ཁྱོད་ཚོས་ཀྱང་ཧུར་ཐག་གནང་ཤོག ཅེས་སོགས་བཀའ་སློབ་གྲུབ་མཚམས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། ཆོས་འབྲེལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་རེད། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ཆོས་བརྒྱུད་དམ། ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ལ་བླ་མའི་རྣལ་འབྱོར་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། ང་ཚོ་རྒྱ་གར་ལ་ཡོད་པའི་ནང་པ་ཚོས་སོ་སོའི་ཆོས་བརྒྱུད་ཀྱི་བླ་བརྒྱུད་དེ་གལ་ཆེན་པོར་བརྩི་བཞིན་ཡོད། དེ་ནང་པ་གཅིག་པུ་མ་རེད། མུ་སྟེགས་པ་ཚོས་ཀྱང་རང་རང་གི་ཆོས་བརྒྱུད་ཀྱི་བླ་མ་རྣམས་གལ་ཆེན་པོར་བརྩི་བཞིན་ཡོད། ཕལ་ཆེར་ཡི་ཤུ་ཆོས་པ་ཚོས་ཀྱང་སོ་སོའི་བླ་མ་ཚོ་གལ་ཆེན་པོར་བརྩི་བཞིན་ཡོད་པ་རེད། དེར་བརྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འབྲངས་ཚོས་ཁོང་གི་གསུང་རྣམས་གཙོ་བོ་བྱེད་ཀྱི་ཡོད། ཅེས་བཀའ་སྩལ་རྗེས་འདུར་ནག་པ་དཔལ་ལྡན་བཟང་པོས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་བཤད་ལུང་སྩལ་སྐབས་ལུང་ཁྲིད་གནང་དོན། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲཊ། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་། །གྲཊ་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། ། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། ། ཅེས་ལུང་གནང་མཚམས། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཞེས་པའི་སྙིང་པོ་འདི་ཧ་ཅང་གལ་ཆེན་པོ་རེད། གཞུང་ལུགས་ཐོས་བསམ་མ་བྱས་ན་ཉམས་ལེན་བྱེད་ཤེས་ཀྱི་མ་རེད། དེར་བརྟེན་མང་དུ་ཐོས་པ་དང་། མང་དུ་ཐོས་པའི་དོན་ཡང་ཉམས་ལེན་མ་བྱས་ན་ཚིག་གི་ལོ་མ་རྐྱང་ལས་མི་འདུག་པས་མང་ཐོས་སྒྲུབ་ལ་བརྩོན་ཞེས་པ་ནི་གཞུང་མང་པོ་ལ་བལྟས་ནས་ཐོས་པ་རྒྱ་ཆེན་པོ་བཙལ་བ་དང་། ཐོས་དོན་སྒྲུབ་ལ་གཞོལ་ནས་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་གཞུང་ལུགས་ཀྱི་དོན་དག་དང་། མདོར་ན། བསླབ་པ་གསུམ་ལ་བསྡུས་ཏེ་སྔགས་དང་སྦྲེལ་ནས་ཕྱིན་པ་ཡིན་ན། མདོ་སྔགས་སྤྱི་དང་། ལྷག་པར་དུ་གསང་བ་འདུས་པའི་སྐོར་དང་། བདེ་མཆོག དུས་འཁོར། བསྐྱེད་རྫོགས་ཚང་མའི་དོན་དག་ལག་ལེན་ཐོག་བསྐྱལ་ནས་འགྲོ་དུས་མང་ཐོས་སྒྲུབ་ལ་བརྩོན། ཞེས་དང་།
ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།། ཞེས་འཇིག་རྟེན་ཆོས་རྒྱལ་གྱི་གཞན་དབང་དུ་མི་གཏོང་བ་དང་། རྒྱབ་མདུན་ངོ་ལྐོག་མེད་པར་བསམ་པ་རྣམ་དག་གི་ཐོག་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དགོངས་བཞེས་གང་ཡོད་པ་ཚུལ་བཞིན་དུ་སྒྲུབ་བསམ་པའི་ཐོག་ནས་འགྲོ་དུས། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་དུ་གསོལ། །ཞེས་གསུངས་པ་འདི་ཆགས་སྡང་གི་སྐད་ཆ་མ་རེད། རྗེ་རིན་པོ་ཆེའི་བསྟན་པ་འདི་ཟབ་རྒྱས་ཀྱི་གནད་ཆ་ཚང་ཡོད་པའི་ཧ་ཅང་སྤུས་དག་པོ་ཞིག་འདུགངོས་རང་རིས་མེད་ཀྱི་བླ་མ་མང་པོ་ས་ནས་ཆོས་མང་པོ་ཞུས་ཡོད་པ་རེད། དཔལ་ས་སྐྱ་བ་དང་འབྲི་གུང་། རྙིང་མ་སོགས་ཚང་མར་སོ་སོའི་ཟབ་ཁྱད་ཡོད་པ་ཧ་ཅང་ཡག་པོ་རེད། ཡིན་ནའང་། གཞུང་ལུགས་ཁ་གསལ་བོ་དང་དོན་དག་འདུས་ཆེན་པོ་བྱས་ཏེ་ཡོད་པ་ནི་རྗེ་རིན་པོ་ཆེའི་གསུང་འདི་ཏོག་ཙམ་ཟབ་པ་ཞིག་རེད་འདུག ཚིག་གི་སྤྲོས་བཤད་སྒང་དུ་ཕྱིན་པ་ཡིན་ན་རྒྱ་ཆེན་པོ་ཡོད་པ་དང་། དེ་དག་བསྡུས་ཚེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཐོག་ཏུ་ཏག་ཏག་འདུས་ཡོད་པ་ཧ་ཅང་ཡག་པོ་ཞིག་རེད། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། །ཁྱད་པར་རྗེ་བཙུན་བློ་བཟང་གྲཊ་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། ཅེས་དང་།
གསོལ་འདེབས་ནི། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ངོས་རང་སྐྱེ་ས་ཟི་ལིང་རེད། སྐབས་དེར་ས་གནས་ཀྱི་དཔོན་པོ་ཟི་ལིང་མ་ཀྲུའུ་ཞི་ཟེར་བ་དེ་རེད། ཁོང་ང་ལ་ཐུག་སྐབས་རྗེ་རིན་པོ་ཆེ་ལ་བསྟོད་བསྔགས་ཞུས་སོང་། བློ་གཟུ་བོར་གནས་པའི་རྟགས་རེད། ཁོ་རང་ཁ་ཆེ་ཡིན་ནའང་། རྗེ་རིན་པོ་ཆེའི་མཛད་པ་རྣམ་ཐར་ལ་ཡི་རངས་བྱས་པ་དང་། དེ་དང་ཆབས་ཅིག་ངོས་ལའང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག ། ཅེས་གསོལ་བ་འདེབས་པ་དང་། ད་ལྟ་ཕན་ཆད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ། ཟབ་པ་དང་རྒྱ་ཆེ་བའི་གནད་ཡག་པོ་རྩད་གཅོད་བྱས་ཏེ་སྙིང་ཐག་པ་ནས་གོ་བ་ཆགས་པ་དང་། ལག་ལེན་བསྐྱལ་ཚེ་ཡིད་ཆེས་རྙེད་པས་བསྟན་པ་འདི་ལ་བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། འཇམ་མགོན་བླ་མའི་བསྟན་པའི་སྲུང་མའི་གཙོ་བོ་དམ་ཅན་ཆོས་རྒྱལ་རེད། དམ་ཅན་ཆོས་རྒྱལ་གྱིས་ངོས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དགྱེས་པའི་མཚན་མ་མང་པོ་ཡོང་གི་འདུག དེ་རིང་འདིར་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། འཇམ་མགོན་བླ་མའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད། དེ་སྔ་སངས་རྒྱས་པའི་ཆོས་གོ་ཐོས་མེད་པའི་ལུང་པ་ཚོའི་ནང་དུ་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་དང་། ཡི་ཤེ་ཆོས་པ་མང་པོ་ཞིག་གིས་ང་ཚོར་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད།
ཆོས་ཀྱི་དད་པ་ཙམ་མ་ཡིན་པར་སེམས་ཁམས་རིག་པོའི་སྐོར་ལ་བོད་ཀྱི་ནང་པའི་གཞུང་ཚན་རིག་དང་མཐུན་པར་ཧ་ཅང་བསམ་བློ་གཏོང་རྒྱུ་དང་། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ལ་ཤིན་ཏུ་དགའ་བོ་བྱེད་ཀྱི་འདུག ཚན་རིག་པ་ལ་ཐུག་སྐབས་ངོས་རང་ཚན་རིག་པ་ཆགས་ཀྱི་ཡོད། གང་ལྟར་སངས་རྒྱས་པའི་ཆོས་ག་ལེར་ཞིབ་ཚགས་སུ་བཏང་ཚེ་སེམས་ཁམས་རིག་པའི་སྐོར་བཤད་ཀྱི་ཡོད། དེར་བརྟེན། འཇམ་མགོན་བླ་མའི་བསྟན་པ་ལ་སློབ་གཉེར་བྱས་པའི་གྲུབ་འབྲས་ལ་ཚན་རིག་པ་ཚོ་དང་མཐུན་པོ་བྱས་ཏེ། སེམས་ཁམས་རིག་པའི་སྐོར་ང་ཚོར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། ད་ལྟའི་བར་བསྟན་པའི་ཞབས་འདེགས་དེ་ལྟར་བསྒྲུབ་པ་དང་། ད་དུང་ལོ་བརྒྱ་དང་བཅུ་གྲངས་བར་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པ་ཞིག་ཡོད། ཅེས་དང་།
དུས་ཚོད་གཉན་འཕྲེང་ཅན་ང་ཚོ་ལུང་པ་དང་བྲལ་ནས་བཙན་བྱོལ་བ་ཆགས་ཡོད་པའི་སྐབས་འདིར་སྔོན་གྱི་ངོས་ཀྱི་གྲོགས་པོ་ཚོས་ངོས་ལ་བསྟོད་བསྔགས་བྱས་པར་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན་ལ། དོན་དང་ལྡན་པ་ཞིག་བྱུང་བ་རེད། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ངོས་ཀྱིས་སེམས་ཁམས་རིག་པ་དང་འབྲེལ་བའི་ནང་ཆོས་འགྲེལ་བཤད་བརྒྱབ་པ་ལ་ཚན་རིག་པ་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་ཚང་མ་བསྟན་པའི་ཞབས་འདེགས་ཡིན། ངོས་རང་ལ་ཆ་བཞག་ན་འདི་ཕྱི་དོན་ལྡན་ཡོང་བར་ཚོགས་བསགས་སྒྲུབ་སྦྱོང་བྱེད་པ་ལ་མཆོག་ཏུ་གྱུར་པ་ཆགས་ཡོད། གཞན་ཞུ་རྒྱུ་མེད། ཚང་མས་ཧུར་ཐག་གནང་ཤོག བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་གྲུབ་མཚམས་བཀའ་དྲིན་གཏང་རག་གི་མནྜལ་ཕུལ་ཏེ་ཉིན་དང་པོ་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།