༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟོད་པ་གཞིས་བྱེས་མི་མང་དང་། སྤུ་ཧྲེང་གཞིས་བྱེས་མི་མང་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་ཕེབས་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕེབས་བསུའི་མཇལ་ཁ་ཞུས་པ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་ཁག་གཉིས་ཀྱིས་འཐུས་མི་དྲུག་ནས་སྤོས་སྣེ། དད་ལྡན་སེར་སྐྱ་མི་མང་ནས་རང་ལུགས་གཟབ་འཕྱོར་སྤྲས་ཏེ་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་གླིང་མཆོག་སྤྲུལ་རིན་པོ་ཆེས་མཇལ་དར་རྐྱང་འབུལ་དང་། ཚོགས་མང་ནས་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་འབྲས་རིམ་པར་ཕེབས་རྗེས་བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད། མཆོད་བསྟོད་ཚེ་འགུགས་བཟླས་པ་ཡན་སོང་མཚམས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་བ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཤིང་། དབུ་བཞུགས་རྡོ་རྗེ་སློབ་དཔོན་ནས་མཇལ་ཞུ་གྲུབ་པ་དང་གླུ་དབྱངས་མཆོད་འབུལ་དང་། འཁྲུལ་ཞིག་རིན་པོ་ཆེའི་ཡང་སྤྲུལ་རྣམ་གཉིས་གཙོས་བརྟན་བཞུགས་སྦྱིན་བདག་འཐུས་མི་ ༡༥ ཙམ་ནས་མཇལ་ཁ་ཞུས།མཐར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཉིས་ནས་གཏང་རག་མཎྜལ་ཚོམ་བུ་དང་། རྟེན་གསུམ་འདེགས་འབུལ་གྱིས་ཉི་གཞོན་འཆར་ཀ་མ་དང་རིས་མེད་བསྟན་རྒྱས་སྨོན་ལམ་སོགས་གསུངས་གྲུབ་མཚམས་བཀའ་སློབ་སྩལ་དོན། བརྟན་བཞུགས་བསམ་པ་རྣམ་དག་དང་། སྦྱོར་དངོས་རྗེས་གཙང་ཧ་ཅང་ཡག་པོ་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། སེམས་ཤུགས་ཀྱང་བསྐྱེད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཏོག་ཙམ་རྒུད་འགྲོ་བའི་དུས་ཚོད་ལ་ངོས་ཀྱིས་བསྟན་པའི་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག དེ་སྔ་ནང་པའི་ཆོས་དམིགས་བསལ་དར་ཁྱབ་མེད་པའི་ས་ཁུལ་དུའང་། དེང་སང་དོ་སྣང་གསར་པ་ཞིག་སླེབས་ཡོད། ལྷག་པར་ཚན་རིག་པ་ཆོས་ཁས་མི་ལེན་མཁན་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཆོས་ཁས་ལེན་མཁན་དང་། ཆོས་ཁས་མི་ལེན་མཁན་ཚང་མས་སེམས་ཀྱི་ཞི་བདེ་རྒྱུད་དེ་འཛམ་གླིང་ཞི་བདེ་ཡོང་བར་དམིགས་བསལ་དོ་སྣང་ཞིག་བྱེད་བཞིན་ཡོད། དེར་དོ་སྣང་བྱེད་པའི་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་གྲོགས་པོ་ཆགས་ཡོད། མང་པོ་ཞིག་གིས་དམིགས་བསལ་གྱིས་དོ་སྣང་དང་དགའ་བོའང་བྱེད་ཀྱི་འདུགབསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་སྨོན་ལམ་འདི་རྒྱག་བཞིན་ཡོད། ངོས་ཀྱི་མི་ཚེར་ཆ་བཞག་ན་ཉེ་ཆར་རང་ཨེམ་ཆི་ལ་བསྟན་པ་ཡིན། གཟུགས་པོ་ཧ་ཅང་ཡག་པོ་འདུག་ཟེར། ལོ་བཅོ་ལྔ་ཉི་ཤུར་ངོས་རང་ཕལ་ཆེར་སྡོད་ཀྱི་རེད། འཛམ་གླིང་འདིའི་སྟེང་ངོས་ཀྱིས་སྤྱིར་ཡ་རབས་ཀྱི་སྤྱོད་བཟང་དང་། བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་ལས་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པ་ལྟ་བུ་འདུག
ཆོས་སྐྱོང་ཚོ་གཙོ་བོར་གྱུར་པའི་བསྟན་པའི་ཁུར་བཞེས་མཁན་ཚང་མས་ངོས་ཀྱིས་བསྟན་པའི་ཞབས་འདེགས་སྒྲུབ་པ་ལ་ཆ་རྐྱེན་ཡོད་པར་གཟིགས་ཡོད་པས་ཚང་མས་ངོས་ལ་ཕྱུར་བ་གྲུ་འདེགས་ཏན་ཏན་གནང་གི་རེད། དེར་བརྟེན། ངོས་ལ་ཆ་བཞག་ན་བསམ་པ་རྣམ་དག་གིས་བྱེད་བཞིན་ཡོད། དེ་ལྟར་ཡིན། ཚང་མར་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་ཀྱི་མཛད་རིམ་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།བརྟན་བཞུགས་མཛད་སྒོར་འདིར་རྡོ་རྗེ་སློབ་དཔོན་གླིང་རིན་པོ་ཆེའི་ཡང་སྲིད་དང་། འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་རྣམ་གཉིས། བོ་དོང་པཎ་ཆེན་གྱི་ཡང་སྤྲུལ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། བློ་གླིང་མཁན་རིན་པོ་ཆེ། སེར་སྨད་མཁན་རིན་པོ་ཆེ། བྱ་དོ་རིན་པོ་ཆེ། ཆུ་བཟང་རིན་པོ་ཆེ་སོགས་མཁན་བླ་སྤྲུལ་དང་། དགེ་འདུན་པ་དང་བཙུན་མ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བོད་མི་མང་སྤྱི་མཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པའི་གཙོས་སེར་སྐྱ་སྟོང་ཕྲག་བརྒལ་བ་ཕེབས་ཡོད་པ་བཅས།།