༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་རྒྱུན་ལས་ནས་ལས་འཁྱུར་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།
སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་ནས་ལོ་གཉིས་དང་ཕྱེད་ཀའི་རྒྱུན་ལས་ཀྱི་ལས་ཡུན་རིང་བོད་སྤྱི་པའི་ལས་དོན་ཐོག་འགན་ཁུར་ཧ་ཅང་ཡག་པོ་ཞུས་གནང་སོང་བ་དང། ད་རེས་རྒྱུན་ལས་ནས་འཁྱུར་འགྲོ་ཡི་ཡོད་ཀྱང་མ་འོངས་པར་མུ་མཐུད་སྤྱི་པའི་ལས་དོན་ཐོག་ལས་ཀ་བྱ་རྒྱུའི་གོ་སྐབས་ཡོང་གི་རེད་ཅེས་གསུངས་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་བཅས། །