༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༠༦ ཉིན་ལྷ་ལྡན་འགྲོ་ཕན་སྨན་རྩིས་གླིང་ཕྱག་བཏབ་ནས་མི་ལོ་ ༡༠༨ དང་། བཞུགས་སྒར་རྡ་རམ་ས་ལའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་མི་ལོ་ ༦༣ འཁོར་བའི་དུས་ཆེན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྲུང་བརྩི་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་ཨ་ཡུ་ཤ་ལྷན་ཁང་གི་ཀང་ར་ཡན་ལག་གི་འགན་འཛིན་གཞོན་པ་ལྕམ་སྐུ་ར་ཤ་མི་ཨག་ནི་ཧོ་ཏྲི་ལགས། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། བདེ་ལགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སྐུའི་བླ་སྨན་པ་རྣམ་པ། བཞུགས་སྒར་གནས་འཁོད་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཚང་འཛོམས་ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་རྗེས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ནས་འཚམས་འདྲིའི་གསུང་བཤད་དང་ལས་བསྡོམས་སྙན་སྒྲོན་དང་། དེ་རྗེས་དམིགས་བསལ་སྐུ་མགྲོན་ར་ཤི་མི་ཨག་ནི་ཧོ་ཏྲི་ལགས་ནས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པའི་སྨན་པ་གྲངས་ ༡༢ དང་། སྐར་རྩིས་པ་གྲངས་ ༢ སྨན་སློབ་སྐབས་ ༢༡ དང་རྩིས་སློབ་སྐབས་ ༡༡ གཉིས་ཀྱི་སློབ་ཐོན་སྨན་རྩིས་པ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་གནང་བ་དང་ཆབས་ཅིག དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ནས་སྨན་སློབ་སྐབས་ ༢༡ ཁྲོད་རྒྱུད་གསུམ་ཆ་ཚང་རྒྱུགས་འབུལ་ཞུ་མཁན་སྨན་པ་གྲངས་ ༧ དང་། སྨན་སློབ་སྐབས་ ༢༤ པའི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམ་པ། གཞན་ཡང་བུ་དང་བུ་མོའི་སྤྱི་ཁྱབ་རྒན་བདག་བཅས་ལ་ཕྱག་འཁྱེར་གནང་རྗེས་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ནས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་སྐྲུན་གནང་བའི་ (Fundamentals of Tibetan Medicine) ཞེས་པའི་དཔེ་དེབ་དབུ་འབྱེད་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་བརྒྱུད་ཨ་རིའི་རོགས་དངུལ་འོག་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་པར་སྐྲུན་གནང་བའི་སྐྱེ་ཕྲན་རིག་པའི་ཤེས་བྱ། ཞེས་པའི་དཔེ་དེབ་དབུ་འབྱེད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོོག་གིས་ལས་བྱེད་ཞབས་ལོ་ ༤༠། ༣༠། ༢༠ འཁོར་བ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་བ་དང་འབྲེལ་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་དུ་དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་ཁྲི་ཕྲག་འགའ་ཤས་བཙན་བྱོལ་དུ་འབྱོར་རྗེས་མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ་་ཕུགས་རྒྱང་རིང་པའི་དགོངས་བཞེད་ལ་བརྟེན་ནས་རྒྱ་གར་དུ་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་གནང་ཐུབ་ཡོད་པ་དང་། དུས་དེ་ནས་བཟུང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་འགོ་ལས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུར་རྒྱལ་སྤྱིའི་སྟེང་ནད་པ་སྟོང་ཕྲག་མང་པོར་དགོས་ངེས་སྨན་བཅོས་ཀྱི་ཕན་ཐོགས་ཧ་ཅང་བྱུང་ཡོད་པར་ངོས་འཛིན་བསྔགས་བརྗོད་དང་འབྲེལ། སླད་མར་ཡང་མུ་མཐུད་བསྟི་གནས་ཁང་དེ་ཉིད་ནས་འགྲོ་བ་སྤྱིའི་ལུས་སེམས་ཀྱི་བདེ་རྩར་དམིགས་ཏེ་འགྲོ་ཕན་གང་ནུས་ཅི་ལྕོགས་གནང་རྒྱུ་དང་། ལྷག་པར་སྨན་པ་དང་སྨན་སྤྲོད་པ་རྣམས་ནས་ནད་པར་སྨན་བཅོས་ཙམ་མ་ཡིན་པར་བྱམས་དང་བརྩེ་བའི་ཐོག་ནས་གཟིགས་སྐྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།
དེ་བཞིན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་རྣམས་ནས་ཀྱང་འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་མཇུག་སྐྱོང་རྒྱུན་འཛིན་གནང་རྒྱུར་ཐེ་གུ་སྣེ་ཤོར་མ་སོང་བའི་ཐོག་འགྲོ་བ་སྤྱི་ལ་སྨན་པའི་ཕྱག་ལས་ཧུར་བསྐྱེད་ལྷག་བསམ་རྣམ་དག་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་རྗེས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་དྲུང་ཆེ་ནས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་ནས་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།