༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༩ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་དགོན་སྡེ་གྲྭ་ཚང་སོ་སོའི་འདུས་སྤྱི་ནས་སྲི་ཞུ་བ་དམ་པ་དེ་ཉིད་ཀྱི་ཆེད་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་འབུལ་བཤོམ་དང་འབྲེལ། བསྔོ་སྨོན་དང་། མར་མེ་སྨོན་ལམ་སོགས་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད། དེ་ཡང་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༢ ཉིན་ཚེ་འདས་ཆོས་རིག་དྲུང་ཆེ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་རང་གནས་ཅོན་ཏ་ར་གཞིས་ཆགས་སུ་ཞུགས་འབུལ་གནང་བའི་ཉིན་མོ་དང་བསྟུན། རྡོར་གླིང་འབྲུག་གསང་སྔགས་ཆོས་གླིང་དགོན་ (Druk Sang Ngag Choeling) ནས་མར་མེ་སྨོན་ལམ་དང་། རྡོར་གླིང་བསམ་གྲུབ་དར་རྒྱས་ཆོས་གླིང་དགོན་ (Samdrub Darjay Choeling) ནས་མཆོད་སྤྲིན་འབུལ་བཤམ་དང་འབྲེལ་བསྔོ་སྨོན་གསུང་འདོན་གནང་།རྡོར་གླིང་ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་དགོན་ (Ogyen Kunsang Choekhor ling) ནས་བསྔོ་སྨོན་དང་། མཆོད་མེ། མ་ཎི་གང་མང་གསོག་སྒྲུབ་ཞུས། རྡོར་གླིང་འཛི་སྒར་དགོན་གྱི་འདུས་སྤྱི་ནས་ཚེ་འདས་དེ་ཉིད་བར་དོའི་འཇིགས་པ་ལས་གྲོལ་ཏེ་གཏན་བདེ་བླ་ན་མེད་པ་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་ཆེད་རྒྱལ་བ་འོད་དཔག་མེད་ཀྱི་ཆོ་ག་དང་བསྔོ་སྨོན་སོགས་རྒྱ་གང་ཆེ་གསོག་སྒྲུབ་གནང་། ཕྱོགས་མཚུངས་རྡོར་གླིང་ས་འགོ་ལས་ཁུངས་ཀྱི་ཁྱབ་ཁོངས་ཁར་ཤང་ས་གནས་སུ་རྟེན་གཞི་བྱས་པའི་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དགོན་ (Sakya Kunga Shedupling monastery, Kurseong) ནས་མཆོད་སྤྲིན་བརྒྱ་མཆོད་དང་། བསྔོ་བ་སྨོན་ལམ་གནང་བ་དང་། རྒྱ་བལ་ས་མཚམས་སུ་རྟེན་གཞི་བྱས་པའི་ས་སྐྱ་བསམ་གྲུབ་གླིང་དགོན་ནས་བཏུང་བཤགས་དང་། བཟང་སྤྱོད་སྨོན་ལམ། སྤྱོད་འཇུག་སྨོན་ལམ། བདེ་ཅན་སྨོན་ལམ། བསྔོ་སྨོན་བཅས་གསུང་འདོན་གནང་། གཞན་ཡང་མི་རིགས་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པ་ནས་མགོན་པོའི་ཚོགས་འབུམ་གསོག་སྒྲུབ་གནང་བཞིན་པའི་སྐབས་དང་བསྟུན། སྲི་ཞུ་བ་དམ་པ་དེ་ཉིད་ཀྱི་ཆེད་རྟེན་མཆོག་སྤྱན་སྔར་མར་མེ་བརྒྱ་མཆོད་གསུམ་ཕུལ་བ་དང་འབྲེལ། བསྔོ་སྨོན་གསུང་འདོན་གནང་བ་སོགས་གོང་གསལ་རྡོར་གླིང་ས་འགོ་ལས་ཁུངས་ཁྱབ་ཁོངས་ཀྱི་དགོན་སྡེ་སོ་སོའི་འདུས་སྤྱི་ནས་ཆོས་རིག་དྲུང་ཆེ་དམ་པ་དེ་ཉིད་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་གངས་ཅན་ལྗོངས་ཀྱི་སྲི་ཞུ་མུ་མཐུད་སྒྲུབ་ཅིང་བདེ་ནས་བདེ་བར་རྣམ་མཁྱེན་རྫོགས་བྱང་ཐོབ་པའི་ཐུགས་སྨོན་གནད་སྨིན་གནང་ཡོད་པ་བཅས།། །།
གསར་གནས།
འབྲེལ་གནས།