༄༅། །ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་སུ་བོད་མིའི་སྐུ་ཚབ་དང་ཡུ་རོབ་གྲོས་ཚོགས་འཐུས་མི་བར་གྱི་མཇལ་མོལ་སྐབས་བོད་དོན་ཆེད་དུ་ཡུ་རོབ་ཅེས་པའི་ལས་འགུལ་དངོས་སུ་དབུ་འབྱེད་གནང་ཡོད།
དེ་ཡང་ལས་འགུལ་དེའི་དྲ་ཚིགས་eu4tibet.org ཞེས་པ་དེ་བོད་མིའི་ཐོབ་ཐང་དང་རང་དབང་སྐོར་ཞུ་གཏུག་གནང་མཁན་ཚོགས་པ་ཚང་མའི་སྡིངས་ཆ་ཞིག་ཏུ་འགྱུར་རྒྱུ་དང་། ཚོགས་པ་དེ་དག་གིས་ཕྱི་ལོ ༢༠༢༤ ལོའི་ཡུ་རོབ་གྲོས་ཚོགས་ཀྱི་འོས་མིའི་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་ལེན་ཐབས་དང་། ཁོ་ཚོའི་སྲིད་དོན་ཚོགས་པ་ཁག་ལ་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་ཅི་ཡིན་འདྲི་རྩད་བྱེད་ཐབས་བྱ་རྒྱུ་རེད།ལས་འགུལ་དེ་བཞིན་བེལ་ཇ་ཡམ་བོད་ཀྱི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་སྦྲེལ་གྱིས་སྤེལ་ཡོད་ཅིང་། དེར་ཨིན་ཡུལ་སྐུ་ཚབ་དོན་ཁང་དང་། སུད་སི་སྐུ་ཚབ་དོན་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་རྒྱབ་སྐྱོར་གནང་ཡོད། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ད་ཡོད་དང་མ་འོངས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་བའི་ཐོག ཡུ་རོབ་ཁུལ་དུ་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་མི། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་སོགས་ལྷན་ཞུགས་ཀྱིས་བོད་དོན་དེ་ཡུ་རོབ་གྲོས་མཐུན་ཚོགས་ཀྱི་གྲོས་གཞིར་མུ་མཐུད་གནས་ཐབས་སུ་སྤེལ་བ་ཞིག་ཡིན། ཚོགས་འདུའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མི་ཀུ་ལ་སི་པེག་ར་ (Mikulas Peksa) ལགས་དང་། གྲོས་ཚོགས་འཐུས་མི་ས་ལི་མ་ཡེན་བུ་ (Salima Yenbou) ལགས། གྲོས་ཚོགས་འཐུས་མི་ཨུས་ར་མལ་དེ་ཀི་ནི་ (Ausra Maldeikiene) ལགས། བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཡན་ལག་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ནས་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་ཚོགས་འདུའི་ནང་ཝིན་སེན་མེ་ཊན་ (Vincent Metten) ལགས་དང་། མེ་ལ་ནི་བྷོ་ལོན་ཊི་ (Mélanie Blondel) ལགས། བེལ་ཇ་ཡམ་དོན་ཁང་གི་འཕྲིན་ལས་དབང་འདུས་ལགས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་སོགས་ལྷན་ཞུགས་གནང་ཡོད་པ་བཅས།།