༄༅། །ཡུ་རོབ་གྲོས་ཚོགས་ཐེངས་བཅུ་པའི་ཚོགས་འདུ་མཐའ་མ་དེར་བྷེལ་ཇ་ཡམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཡུ་རོབ་གྲོས་ཚོགས་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༢༢ ནས་ ༢༦ བཅས་ཉིན་ལྔའི་རིང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་བརྟེན་པའི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། པར་རིས་འགྲེམས་སྟོན་འདི་ནི་འདས་པའི་ལོ་གཅིག་གི་རིང་ནས་གྲ་སྒྲིག་གནང་བ་ཞིག་ཡིན་འདུག
ཕྱི་ཚེས་ ༢༣ ཉིན་གྱི་དབུ་འབྱེད་མཛད་སྒོར་ཡུ་རོབ་ནང་གི་ཝེ་ཐི་ནམ་ནང་པའི་ཚོགས་པ་གཅིག་གྱུར་གྱི་སྐུ་ཚབ་སྐུ་ཞབས་ཐི་ཁི་ཧན་ཐན་ (Thich Hanh tan) ལགས་དང་། ས་སྐྱའི་ནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་ཉི་མ་ལགས། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག སི་ཏྲ་སི་སྦག་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཚབ། གྲོས་ཚོགས་ཀྱི་ལས་རོགས་ཁག་ཅིག ཡུ་རོབ་མཐུན་ཚོགས་ཀྱི་ལས་བྱེད་པ། གསར་འགོད་པ། སི་ཏྲ་སི་སྦག་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད། ཕ་རན་སི་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ཡང་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་སྐབས་ཁེ་ཊ་ལོ་ནི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཀར་ལེས་མཆོག་ནས་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་གཉའ་གནོན་འོག་གི་མི་མང་གི་སྐུ་ཚབ་རྣམས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཐུབ་པ་ནི་དགའ་སྤོབས་འོས་པ་ཞིག་ཡིན་པ་མ་ཟད། བོད་མི་དང་ས་ཐག་རིང་ནའང་ཁོང་གིས་བོད་ཀྱི་རྩ་དོན་ལ་བློ་ཐག་ཉེ་བའི་ཚོར་སྣང་ཞིག་ཡོད་ཅེས་དང་། དེ་ནི་རྒྱ་ནག་སྲིད་གཞུང་གི་དབང་ཆ་གཅིག་སྡུད་ཀྱི་ལྟ་བ་དང་འགལ་བའི་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ཡིན་གསུངས།
དེ་ནས་གྲོས་ཚོགས་འཐུས་མི་མི་ཀུ་ལ་སི་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་གིས་འཛམ་གླིང་ལ་བཅངས་པའི་དགོངས་ཚུལ་ལ་ཡི་རང་བསྔགས་བརྗོད་དང་སྦྲགས། རང་ཉིད་ཆབ་སྲིད་ཚོགས་པ་མི་འདྲ་བའི་ལྷན་བོད་ཐོག་ཕྱག་ལས་གནང་བ་རྣམས་འགྲེལ་བརྗོད་གནང་ནས་མ་འོངས་བཀའ་ཁྱབ་ཐོག་གྲོས་ཚོགས་འཐུས་མི་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།
དེ་རྗེས་བྷེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གྲོས་ཚོགས་འཐུས་མི་ཀར་ལེས་མཆོག་གིས་མཛད་སྒོ་གོ་སྒྲིག་གནང་བ་དང་། སྐུ་མགྲོན་རྣམ་པས་དེར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་མོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སི་ཊར་སི་སྦག་ཏུ་ཐེངས་མང་ཆིབས་བསྒྱུར་བསྐྱངས་སྐོར་དང་། ༸ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྙིང་པོའི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་དང་མུ་མཐུད་ཁོང་མོས། པར་རིས་འགྲེམས་སྟོན་འདིའི་ཐོག་ནས་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་གང་སར་བྱམས་བརྩེ་དང་། ཞི་བདེ། གོ་རྟོགས་བཅས་སྤེལ་བར་ཁོང་གི་སྐུ་ཚེ་ཧྲིལ་པོར་དམ་བཅས་པ་རྣམས་གསལ་སྟོན་བྱེད་པ་བཅས་ཀྱི་དམིགས་ཡུལ་བཅངས་ཡོད། དམ་བཅའ་དེ་དག་ནི་༸ཁོང་གིས་འགྲོ་བ་མིའི་རིགས་ལ་རེ་བ་དང་སྐུལ་སློང་སྟེར་བའི་ཕྱག་རྗེས་ཤིག་ཡིན།
མཛད་སྒོའི་མཐའ་མར་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་མདོ་འཛིན་པ་དང་གསུང་བཤད་པ་རྣམ་གཉིས་ལ་མཇལ་དར་ཕུལ་ཏེ་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་འགྲེམས་སྟོན་འདིར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།