༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༣ ཉིན་མེག་སི་ཀོ་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མེག་སོ་ཀོ་གྲོས་ཚོགས་སུ་ལྷན་འཛོམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཇི་དགེའི་སྐོར་གྲོས་མོལ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སལ་བ་ཊོར་ཀ་རོ་ (Salvador Caro) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་འབྲེལ། གྲོས་ཚོགས་འཐུས་མི་ཐུན་མོང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་དང་། མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༠༨ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༣ བར་བརྩམས་པའི་ལས་གཞི་ཁག་ངོ་སྤྲོད་གནང་ཡོད།དེ་རྗེས་ཚོགས་བཅར་བ་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་དང་ལས་འགན་ངོ་སྤྲོད་གནང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གཡོ་མེད་གནང་རྒྱུའི་ཞལ་བཞེས་གནང་རྗེས་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་། གྲོས་ཚོགས་འཐུས་མི་རྣམས་ནས་འོས་བསྡུའི་ལས་བྲེལ་ལ་མ་ལྟོས་པར་ཚོགས་བཅར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དམིགས་བསལ་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༠༣ ནང་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་སྐུ་མགྲོན་དུ་ཕེབས་ཞུགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པའི་ཁར། གྲོས་ཚོགས་འཐུས་མི་རྣམས་ལ་སླེབས་ལ་ཉེ་བའི་འོས་བསྡུའི་ནང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད། མེག་སི་ཀོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Casa Tibet Mexico) ཚོགས་གཙོ་ཀ་རམ་ལགས་ཀྱིས་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གལ་གནད་དང་། ཆོས་དད་རང་མོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་འགག བོད་མཐོ་སྒང་གི་ཁོར་ཡུག རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་གིས་རྒྱུག་ཆུའི་བཞུར་རྒྱུན་ལ་འགྱུར་བ་གཏོང་བའི་དཀའ་ངལ་སོགས་ཀྱི་སྐོར་གསལ་སྟོན་གནང་གྲུབ་བསྟུན། གྲོས་ཚོགས་འཐུས་མི་སོ་སོས་བོད་དོན་དང་མེག་སི་ཀོ་དང་འབྲེལ་བའི་གནད་དོན་གལ་ཆེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་།
ཚོགས་འདུ་གྲུབ་པའི་རྗེས་སུ་ཚོགས་བཅར་བ་རྣམས་མེག་སི་ཀོ་གྲོས་ཚོགས་ཚོགས་ཁང་དུ་ཆེད་བཅར་གྱིས་ད་ལྟ་འཚོག་བཞིན་པའི་གྲོས་ཚོགས་ལས་རིམ་ལ་གཟིགས་ཞིབ་དང་། འབྱུང་འགྱུར་བོད་དོན་ཞུ་གཏུག་གནང་ཕྱོགས་ཐད་ལ་བློ་སྐྱེད་རྒྱུས་ལོན་གང་ལེགས་བྱུང་ཡོད་པ་བཅས།།