༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༠༢ ཉིན་སོག་ཡུལ་གནས་འཁོད་དྷི་ལུབ་ཧུ་ཏུག་ཐུ་ཐེབས་རྩ་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་སྐུ་ཚབ་དོན་ཁང་མཉམ་སྦྲེལ་གྱིས་བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་ཞུས་པའི་བོད་སོག་འབྲེལ་ལམ་ཚོགས་འདུ་ཐེངས་དང་པོ་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་སོག་གི་མཁས་པ་རྣམ་པ། ཚོགས་བཅར་བ་ལྷན་འཛོམས་ཐོག་ཚོགས་འདུའི་མཇུག་སྡོམ་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་ནས་ཐེངས་འདིའི་ཚོགས་འདུའི་ནང་ཕྱོགས་གཉིས་ཀྱི་མཁས་པའི་བར་ལོ་རྒྱུས་ཀྱི་གནད་དོན་མང་པོའི་ཐོག་གོ་བསྡུར་སྦྱངས་བཤད་གང་ལེགས་ཞུ་རྒྱུ་བྱུང་ཡོད་པ་དང་། འབྱུང་འགྱུར་མུ་མཐུད་བོད་སོག་འབྲེལ་ལམ་གྱི་ལོ་རྒྱུས་ཁ་སྐོང་ཆེད་ཕྱོགས་གཉིས་བར་མཉམ་ལས་དང་། དེ་ལྟ་བུའི་ཚོགས་འདུ་གང་མང་འཚོག་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། དེ་བཞིན་ཁོང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བོད་སོག་གི་འབྲེལ་བར་ཉམས་ཞིབ་བྱེད་མཁན་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ་བོད་དང་སོག་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཉམས་ཞིབ་དཔྱིས་ཕྱིན་པ་གནང་རྒྱུར་འབད་རྩོལ་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད། དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས་ཐེངས་འདིའི་ཚོགས་འདུ་བརྒྱུད་བོད་སོག་གི་མཁས་པའི་བར་འབྲེལ་བ་མཐུད་ཐུབ་པ་བྱུང་བས། སླད་མར་ཕྱོགས་གཉིས་ཀས་འབྲེལ་བ་གོང་མཐོར་གཏོང་བར་ཤུགས་སྣོན་རྒྱག་དགོས་གལ་དང་། བོད་སོག་གཉིས་ཀར་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་ཕན་པའི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཡོད་དུས་དེ་ཉིད་མི་ཉམས་རྒྱུན་འཛིན་གནང་བར་འབད་འབུངས་གནང་དགོས་པའི་ལམ་སྟོན་གནང་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་མཁས་པ་སྤྱི་དང་། ལྷག་པར་སོག་ཡུལ་ནས་ཕེབས་པའི་མཁས་པ་རྣམས་ལ་དགའ་བསུ་ཞུས་ཏེ། ཁོང་རྣམས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་གི་ཡོད་པ་དང་། སྲིད་བྱུས་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་མཛད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་ངོ་སྤྲོད་དང་འབྲེལ། ད་ལྟའི་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་གི་ཡོད་པ་གང་ཞིག་ནང་དོན་འཐབ་བྱུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ། ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནད་དོན་ལ་ནན་བརྗོད་གནང་སྟེ། རྒྱལ་སྤྱིའི་མི་མང་ནས་དེ་ལ་ངོས་འཛིན་ཐོབ་ཐབས་གནང་གི་ཡོད་པ་ངོ་སྤྲོད་གནང་། དེ་དང་འབྲེལ་ཏེ་ཁོང་གིས་ད་ལྟ་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་འགྲོ་མུས་ཡིན་ཞིང་། དེ་སྔོན་གྲོས་ཚོགས་འོག་མའི་ནང་མང་མོས་ཀྱིས་གཏན་འབེབས་ཟིན་རྗེས་ད་ལྟའི་ཆར་གྲོས་ཚོགས་གོང་མའི་གཏན་འབེབས་དང་སྲིད་འཛིན་གྱི་མཚན་རྟགས་འགོད་རྒྱུ་ལྷག་ཡོད་པ་གསལ་བཤད་དང་སྦྲགས། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་ཚེ། ཨ་རི་གཞུང་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་གནས་བབ་ལ་ངོས་འཛིན་གྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་གནང་རྒྱུ་ཡིན་པ་གསུངས། དེ་བཞིན་ཁོང་གིས་ཐེངས་འདིའི་ཚོགས་འདུའི་མཇུག་འབྲས་སུ་བོད་སོག་གི་མཁས་པ་ཐུན་མོང་མཉམ་འདུས་ཀྱི་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ། བོད་དང་སོག་པོའི་འབྲེལ་ལམ་ལོ་རྒྱུས་ཞིབ་ཕྲ་ཞིག་འབྲི་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་བདེན་སྒྲུབ་བྱ་བར་ཕན་ཐོགས་ཆེན་པོ་ཡོང་ངེས་པའི་ལམ་སྟོན་གནང་ཡོད།
སྤྱིར་ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་བོད་སོག་འབྲེལ་ལམ་ཚོགས་འདུའི་ནང་ཕྱོགས་གཉིས་ཀྱི་མཁས་པ་སྡིངས་ཆ་གཅིག་ཏུ་གདན་འཛོམས་ཐོག ཕྱི་ལོ་ ༡༩༠༠ ནས་ ༡༩༡༣ བར་བོད་དང་སོག་པོ་གཉིས་རྒྱ་ནག་མན་ཇུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་གནས་བབ་དང། ཕྱི་ལོ་ ༡༩༡༡ ལོར་རྗེ་བཙུན་དམ་པས་སོག་ཡུལ་རང་བཙན་གསལ་བསྒྲགས་བསྐྱངས་བའི་གནས་སྟངས། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་མཛད་ཚུལ་དང་ཆུ་གླང་རྩ་ཚིག་གི་གལ་གནད་སྐོར། སེ་ར་བྱེས་ཀྱི་སོག་པོའི་གྲྭ་རྒྱུན་དང་ད་ལྟའི་གནས་བབ། ཕྱི་ལོ་ ༡༩༧༩ རྗེས་ཀྱི་འབྲས་སྤུངས་སྒོ་མང་གི་སོག་པོའི་གྲྭ་རྒྱུན་སྐོར། སོག་ཡུལ་མི་སེར་རྒྱལ་ཁབ་ཀྱིས་བོད་དང་གཞུང་འབྲེལ་འབྲེལ་བ་འཛུགས་ཐབས་སྐོར། ཕྱི་ལོ་ ༡༩༧༩ ནས་ ༢༠༡༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གལ་གནད་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད་པ་བཅས།།