༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༠༣ ཉིན་ཐའེ་ཝན་ནང་ས་འགུལ་གྱི་གོད་ཆག་བྱུང་སྟེ་མི་འཆི་རྐྱེན་འདས་དང་། ཕྱི་དངོས་ཟོག་ལ་གནོད་སྐྱོན་ཚབས་ཆེ་འཕོག་པའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཚའི་ཨིང་ཝེན་མཆོག་ལ་ཐུགས་གསོ་གནང་ཡོད།
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༠༣ ཉིན་གྱི་སྔ་དྲོ་ཐའེ་ཝན་དུ་ས་འགུལ་ཚད་གཞི་ ༧་༢ ཅན་གྱི་རང་བྱུང་གི་གོད་ཆག་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སེམས་ཁོངས་ནས་སེམས་གསོ་ཞུ་རྒྱུ་ཡིན།
སྤྱིར་ས་འགུལ་གྱི་ཚད་གཞི་མཐོ་ནའང་གནོད་སྐྱོན་ཚབས་ཆེན་པོ་འཕོག་མེད་པའི་རེ་བ་ཡོད། ང་ཚོས་གོད་ཆག་དེའི་ཁྲོད་རྐྱེན་འདས་སུ་འགྲོ་མཁན་དང་། གནོད་སྐྱོན་འཕོག་མཁན་རྣམས་ལ་དམིགས་ཏེ་སྨོན་ལམ་འདེབས་ཀྱི་ཡོད།
ལྷག་པར་ས་འགུལ་ནང་ཚེ་སྲོག་ཤོར་མཁན་ཚོའི་ནང་མི་ལྟོས་བཅས་ཡོངས་ལ་སེམས་གསོ་ཞུ་རྒྱུ་དང་སྦྲགས། གོད་ཆག་འཕོག་ཡུལ་དུ་དགོས་ངེས་ངལ་སེལ་རོགས་སྐྱོར་གནང་མཁན་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ངས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་གནོད་སྐྱོན་འཕོག་མཁན་རྣམས་མགྱོགས་ནས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་མ་ཟད། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ངས་སྐུ་ཉིད་ཀྱིས་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།