༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་རྣམ་པ་དང་། ཚོགས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། “བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞི་རྩའི་ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་པ་གང་ཞིག་ལ། ནང་གི་དམིགས་ཡུལ་མང་གཙོའི་ལྟ་གྲུབ་ཡོད་པའི་ཚོགས་པ་དེ་འདྲ་དགོས་ཀྱི་རེད།” ཅེས་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར། ཕྱི་ལོ་ ༡༩༩༢ ལོར་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འཛུགས་རྒྱུ་གཏན་འབེབས་བྱས་ནས། ཕྱི་ལོ་ ༡༩༩༤ ལོར་སྲིད་དོན་ཚོགས་པའི་ངོ་བོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་དངོས་སུ་གསར་འཛུགས་གནང་བ་ཞིག་ཆགས་ཡོད། ད་ཐེངས་ཀྱི་ལྷན་ཚོགས་འདི་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་ལ་ཉེ་བའི་དུས་ཚིགས་ཤིག་ཡིན་ལ། ལོ་ངོ་ ༣༠ རིང་ལ་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སོ་སོའི་གྲོས་དོན་ལྟར་ད་བར་ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ཞེན་དུ་མ་སོང་བར་བོད་མི་གཞོན་སྐྱེས་ཀྱིས་གཙོས་མང་ཚོགས་བསྡུ་འཛོམས་སར་ཆེད་ལས་པ་དང་། གནད་ཡོད་མི་སྣ་གདན་ཞུས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་གཏོང་ཆེད། གཏམ་བཤད་དང་། བགྲོ་གླེང་། ཟབ་སྦྱོང་སོགས་གང་མང་གོ་སྒྲིག་ཞུས་གནང་ཡོད།
དེ་བཞིན་བཙན་བྱོལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་གཞིར་བཟུང་ཚོགས་པ་འདིའི་ངོས་ནས་ཀྱང་བོད་ནང་དུ་རྒྱ་གཞུང་གི་དྲག་གནོན་འོག་ཛ་དྲག་གནས་ཚུལ་ནམ་བྱུང་སྐབས་བོད་དོན་ཞུ་སྐུལ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཞི་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན།གཞུང་འབྲེལ་མིན་པའི་ཚོགས་པ་གཞན་དང་མི་འདྲ་བར་དམིགས་བསལ་གྱིས་ཚོགས་པ་འདི་ནས་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་མི་མང་གི་ཐད་ཀའི་འོས་བསྡུའི་སྐབས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་དང་། ཆོལ་ཁ་གསུམ་གྱི་སྤྱི་འཐུས་བཅས་ཀྱི་འོས་མི་བཏོན་ནས་མི་མང་ལ་འཚམས་སྦྱོར་དྲིལ་བསྒྲགས་སོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་གནང་ཡོད། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་བའི་སྒྲིག་དོན་བཞིན་ཚོགས་པའི་ངོས་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་སྟོན་མི་ཆོག་སྟབས། མི་མང་ལ་འོས་བསྡུ་དང་འབྲེལ་པའི་ལས་རིམ་ལ་མཉམ་ཞུགས་དང་འགན་འཁུར་དགོས་པའི་བགྲོ་གླེང་གཏམ་བཤད་གོ་སྒྲིག་མུ་མཐུད་གནང་ཡོད།
གོ་སྐབས་འདི་བརྒྱུད་ནས་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་འབྲེལ་མཐུད་པ་དང་། དེ་བཞིན་ཡན་ལག་དང་། ཚོགས་མི་བཅས་ཚང་མར་བོད་ཀྱི་རྩ་དོན་ལ་སྨན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་ཞིང་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ནས་ཐུགས་བཞེད་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ལ།།