༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༡༤ ཉིན་བོད་ཀྱི་འགྲེམས་སྟོན་ཁང་གི་བདུན་ཕྲག་གཅིག་རིང་གི་ཨི་ཊ་ལའི་བསྐོར་བསྐྱོད་འགྲེམས་སྟོན་མཇུག་སྒྲིལ་ཡོད།
དེ་ཡང་བསྐོར་བསྐྱོད་འགྲེམས་སྟོན་འདི་ཕྱི་ཟླ་ ༤ ཚེས་ ༨ ཉིན་རོ་མན་གྲོང་ཁྱེར་གྱི་སཱེ་པེན་ཛ་མཐོ་སློབ་ཏུ་སློབ་དཔོན་ཆེན་མོ་ཧྥི་ལི་པོ་ལུའུ་ན་ཌོར་ལགས་ཀྱིས་དབུ་ཁྲིད་དེ་བོད་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་སྐོར་གྱི་གསུང་བཤད་གནང་སྟེ་དབུ་འཛུགས་ཞུས་ཡོད་པ་དང་། དེའི་རྗེས་ཀྱི་ཉིན་མོར་ཨན་ཊོ་ནིའོ་ཝོལ་ཕེ་ (Antonio Volpe) ལགས་དང་། རོ་སཱ་ན་བཀྲ་ཤིས་སྒྲོལ་མ་བཱར་བྷོ་ལཱ་(Rossana Tashi Drolma Barbolla) ལགས་ཀྱིས་ཕི་ལོ་ཨལ་བྷར་ཊེ་ལི་རུ་གསུང་བཤད་གནང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་བོད་ཀྱི་འགྲེམས་སྟོན་ཁང་ནས་རོ་མན་གྲོང་ཁྱེར་གྱི་གྷེ་ཊ་ནོ་ཌེ་སན་ཅི་སི་མཐོ་རིམ་སློབ་གྲྭར་བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཞིང་། ཚོགས་འདུ་དེར་སློབ་ཕྲུག་ཉིས་བརྒྱ་ལྷག་འཛུལ་ཞུགས་གནང་ཡོད།
དེའི་ཕྱི་ཉིན་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་རྣམས་གྲོས་ཚོགས་གོང་མའི་འཐུས་མི་ཨེན་ཌི་རེ་ཌེ་ཕི་རི་མའོ་མཆོག་གི་སྣེ་ཁྲིད་འོག་གྲོས་ཚོགས་ཁང་དུ་ཚོགས་འདུ་ཞིག་ལ་ཞུགས་ཏེ་མཁས་དབང་རྣམ་པས་བོད་དོན་སྐོར་གྱི་གནད་དོན་སྣ་ཚོགས་དང་། མཉམ་འབྲེལ་གྱི་ལས་དོན་གལ་ཆེན་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་རྗེས་ཀུན་ཏུ་བཟང་པོ་ཆོས་ཚོགས་དང་། སིར་ཀོ་ལོ་ཊི་ལེ་ཊོ་རི། (Circolo dei Lettori) མི་ལ་རས་པའི་ཆོས་ཚོགས་སོགས་སུ་བསྐོར་བསྐྱོད་འགྲེམས་སྟོན་དང་ཞུ་གཏུག་ལས་གཞི་མུ་མཐུད་སྤེལ་ཏེ། མཐར་ལ་སེ་ཊ་ཊེལ་ཊི་བྷེཊ་ (La Casa del Tibet) ཅེས་པར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཏེ། ཨི་ཊ་ལི་ཁུལ་གྱི་ཞུ་གཏུག་ལས་དོན་མཇུལ་སྒྲིལ་ཡོད་པ་བཅས།།