༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་རྡ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་བོད་ཀྱི་ཞོ་སྟོན་ཐེངས་ ༢༧ གཟབ་རྒྱས་ངང་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ཿ༥༥ ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྐུ་ཞབས་དཱི་པ་ཀ་པདྨ་ཀུ་མཱར་མཆོག་རྣམ་གཉིས། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འབྲེལ་ཡོད་སྐུ་མགྲོན་རྣམ་པ། ས་གནས་དང་སློབ་གྲྭ་ཁག་གི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ། སེར་སྐྱ་མི་མང་སོགས་འདུ་འཛོམས་ཐོག་ཉིན་མཐའ་མའི་ཞོ་སྟོན་དབུ་འཛུགས་གནང་ཡོད།མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པའི་རྣམ་ཐར་གཟིགས་འབུལ་ཞུས་ཡོད། འཁྲབ་སྟོན་ལེགས་པར་གྲུབ་མཚམས་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བོད་ཀྱི་ཞོ་སྟོན་ཐེངས་ ༢༧ པའི་འདིའི་ཐོག་གཞོན་སྐྱེས་མང་པོ་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མི་རབས་གསར་པས་ལྷ་མོའི་གཞུང་ལ་དོ་སྣང་བྱེད་པ་དེ་མ་འོངས་པར་རིག་གཞུང་རྒྱུན་སྐྱོང་ཆེད་ཕན་རླབས་ཆེན་པོ་ཞིག་ཡོང་གི་ཡོད།
ལྷ་མོའི་གཞུང་དེ་སྤྱིར་ཟློས་གར་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནའ་སྔ་མོ་ནས་འདིའི་ཐོག་གཟིགས་པ་ཆེན་པོ་གནང་སྟེ་མགོན་གང་ཉིད་མཆོག་གི་བྱིན་རླབས་ལ་བརྟེན་ནས་འཚོ་བཞིན་པ་ཞིག་རེད། བཀའ་ཤག་གི་ངོས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་སྒྲུབ་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུའི་ལས་འགན་ཡོད། དེར་བརྟེན་ཞོ་སྟོན་རབས་དང་རིམ་པར་བོད་མིའི་སྒྲིག་འཛུགས་སྔ་རྗེས་ཀྱིས་ཕྱག་རོགས་ཞུ་དགོས་པ་དང་། མཐུན་འགྱུར་ཞུ་དགོས་པ་རྣམས་ཞུས་ཡོད། ང་ཚོར་བོད་ཀྱི་གཅེས་ནོར་རྒྱུན་འཛིན་ཆེད་རོགས་དངུལ་ཡོད་པ་དང་། ད་ལོར་འབུམ་ ༦༠ ལྷག་ཙམ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པས་འགྲོ་སོང་བཏང་ཡོད། དེ་དག་ལ་མཐུན་འགྱུར་ཞུས་ཡོད། ཁ་སང་དབུ་འབྱེད་མཛད་སྒོའི་སྐབས་རྣམ་པ་ཚོས་གཟིགས་པ་བཞིན་ཆོས་རིག་ལས་ཁུངས་ངོས་ནས་བོད་ཀྱི་ཟློས་གར་ཕུད་པའི་ས་གནས་ཀྱི་ལྷ་མོའི་གཞུང་རྣམས་ལ་འབུམ་རེར་ཕུལ་ཡོད། དེ་བཞིན་གསོའ་ཇའི་བར་སེང་སྐབས་སྒེར་ངོས་ནས་ཞལ་འདེབས་མང་པོ་གནང་སོང་། མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བའི་རྣམ་པ་ཞིག་ཐོན་ཐུབ་པ་དེས་ལྷ་གཞུང་འཁྲབ་མཁན་རྣམས་ལ་སེམས་ཤུགས་འཕར་བའི་རྒྱུ་ཞིག་ཆགས་ཀྱི་ཡོད། འཁྲབ་མཁན་ཚོ་ལ་ལྟད་མོ་ལྟ་མཁན་དགོས་པ་དང་། དེ་བཞིན་ལྟད་མོ་ལྟ་མཁན་ངོས་ནས་དོ་སྣང་ངང་ནས་གཟིགས་མོ་གཟིགས་པ་ཙམ་མ་ཡིན་པར་མཐུན་རྐྱེན་སྦྱར་བ་དང་། ཆ་ཤས་བླངས་བ་སོགས་རིག་གཞུང་ཆེ་བསྟོད་ཡོད་པའི་རྣམ་པ་ཞིག་ཐོན་གྱི་ཡོད་པས་རྒྱ་ཆེ་མང་ཚོགས་དང་། ལྷག་པར་སློབ་གྲྭའི་ཁག་གི་ལྷ་གཞུང་འཁྲབ་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་མཚུངས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ལྷ་མོའི་གཞུང་བཟོ་དགོས་དོན་དང་། འཁྲབ་སྟོན་དེ་འདྲ་ཞིག་དུས་རབས་ ༡༣་་༡༤ ནས་གནང་དགོས་དོན་དེ་གཙོ་བོ་གཞན་ཕན་གྱི་བསམ་བློ་ཀུན་ཏུ་བླངས་པ་ཞིག་ཡིན། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནས་ད་བར་ལྷ་མོའི་གཞུང་དེ་གནས་ཐུབ་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ཀྱིས་ཡོང་གི་ཡོད་པ་དང་། ལྷ་མོ་འཁྲབ་མཁན་རྣམས་ཀྱིས་འགན་བཞེས་པ་དང་། དེའི་ཐོག་ངས་འབོད་སྐུལ་ལ་སློབ་གྲྭ་ཆ་ཚང་ནང་ཡོང་གི་མེད་ནའང་སཾ་བྷོ་ཊའི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་ཉེ་འཁྲིད་ཀྱི་ས་གནས་ལྷ་མོའི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་ཡིན་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཕྱི་རྒྱལ་ཁག་ཏུ་ཡིན་ནའང་དེ་ལྟར་བཙུགས་འགོ་ཚུགས་འདུག གཅིག་དེ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་ ༡༢༥ བཞུགས་ཡོད་པའི་རྟེན་འབྲེལ་དང་། དེ་རིང་ཉིན་མཐའ་མར་རྒྱལ་སྲས་དད་པ་བརྟན་པའི་གཞུང་འཁྲབ་གནང་བ་རེད། འདིའི་ནང་དུ་ལྷ་མོ་བས་སྨོན་ལམ་བཏབས་པ་བཞིན་རྒྱལ་སྲས་དད་པ་བརྟན་པའི་རྒྱལ་སྲིད་ལོ་ ༡༠༡ སྐྱོང་ཐུབ་པའི་རྟེན་འབྲེལ་སྒྲིག་པ་རེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ལོ་བཅུ་ཕྲག་གཉིས་བཞུགས་པའི་བཀའ་གནང་གི་ཡོད་པ་དང་། རྟགས་དང་རྟེན་འབྲེལ་དེ་འདྲའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༡༣ བར་བཞུགས་རྒྱུའི་རྟེན་འབྲེལ་ཡོད་པ་སོང་ཙང་རྟེན་འབྲེལ་སུམ་རྩེགས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་ཡོད།
མཐར་བོད་ཀྱི་ཟློས་གར་ཚོགས་པའི་རྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་མཇུག་སྒྲིལ།།