༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་ ༤ ཚེས་ ༥ ཉིན་ཁེ་ན་ཊའི་གྲོང་ཁྱེར་ཀྲོ་རོན་ཊོར་ཕེབས་འབྱོར་གྱིས་ཚེས་ ༦ དང་ ༧ ཉིན་གཉིས་རིང་སེར་སྐྱ་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། གཟའ་མཇུག་སློབ་གྲྭར་གཟིགས་སྐོར། རང་རིགས་གཞོན་སྐྱེས་དང་མཇལ་མོལ་གྱི་མཛད་རིམ་ལེགས་པར་གྲུབ། རིས་མེད་ཆོས་ཚོགས་ཁག་གི་སྐུ་ཚབ་དང་མཇལ་འཛོམས་སྐོར་རོབ་ཙམ་བཀོད་ན། ཟླ་བ་ ༤ ཚེས་ ༧ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་ནང་ཀྲོ་རོན་ཊོ་ཁུལ་དུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་མཇལ་མོལ་གནང་སྟེ། དོན་ཚན་གཉིས་ཐོག་རེ་སྐུལ་གནང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ནས་ཐོག་མར་རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ལ་འཚམས་འདྲིའི་གསུང་བཤད་མདོར་བསྡུས་ཤིག་གནང་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་སློབ་གནང་དོན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ནས་བཟུང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། དོ་སྣང་ཡང་ཆེན་པོ་བྱེད་ཀྱི་ཡོད་པའི་བཟོ་འདུག ཡིན་ན་ཡང་ནུས་པ་ཐོན་གྱི་ཡོད་རེད་བསམ་དྲན་གྱི་མེད། ༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༩ པར་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་སྩལ་ཡོད་པའི་ནང་དང་། ཡང་སྲིད་དང་འབྲེལ་བའི་བཀའ་སློབ་སྩལ་བའི་སྐབས་༧གོང་ས་མཆོག་རྒྱལ་བ་སྐུ་ཕྲེང་དང་པོའི་དགུང་ཚད་དམ་ཡང་ན་དགུང་གྲངས་ ༩༠ ཙམ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། ཞེས་བཀའ་སྩལ་ཡོད།
བཀའ་ཤག་ནས་རེ་སྐུལ་ཞུ་ཡས་ལ། ཆོས་ཚོགས་ཁག་གིས། ༧སྐུའི་ཡང་སྲིད་ཀྱི་གནད་དོན་ནི་༧གོང་ས་མཆོག་གི་སྐུ་དབང་ཡིན་པ་ལས་སུ་གཅིག་ལ་ཐེ་བྱུས་བྱེད་པའི་དབང་ཚད་མེད་པ་དང་། སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་༧གོང་ས་མཆོག་ནས་ཐུགས་ཐག་གང་བཅད་ལ་བརྩི་བཀུར་ཞུ་རྒྱུ་དང་། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་ (Dalai lama Institution) རྒྱུན་གནས་ཐུབ་ཆེད་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྒྱུན་མཐུད་ཡོང་བའི་གྲོས་ཆོད་འཇོག་ཐུབ་པ་བྱུང་ན། རྒྱ་ནག་གཞུང་གི་ཐེ་བྱུས་འགོག་ཐབས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། ཕྱོགས་གང་ས་ནས་དེ་ལྟའི་གྲོས་ཆོད་བྱུང་བ་ཚང་མ་ཆོས་རིག་ལས་ཁུངས་ནས་ཕྱོགས་སྒྲིག་གིས་དགའ་ལྡན་ཕོ་བྲང་བརྒྱུད་འབུལ་ལམ་ཞུ་ཐུབ་པ་བྱུང་ན་བསམ་གྱི་ཡོད། རེ་སྐུལ་དེར་ཚང་མས་ཐུགས་ལ་འཇགས་རོགས་གནང་། ཞེས་གསུང་པ་དང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བཀའ་ཤག་ནས་ཕྱི་ལོ་ ༢༠༢༥ ལོའི་༸སྐུའི་འཁྲུངས་སྐར་ནས་བཟུང་ལོ་འཁོར་མོར་གོ་སྟོན་སྲུང་བརྩིའི་ལས་གཞི་བང་སྒྲིག་འཆར་ཡོད་པ་དང་། དེའི་ཆེད་དུ་ཚོགས་ཆུང་ཞིག་བཙུགས་ཟིན་པ་ལྟར་ལས་འཆར་ཁག་རིམ་པས་གསལ་བསྒྲགས་ཡོང་རྒྱུར་བརྟེན། དེའི་སྐབས་ས་གནས་ཁག་ནས་བྱེད་སྒོ་གང་ཞིག་སྤེལ་ཡང་གོ་སྟོན་སྲུང་བརྩི་དང་འབྲེལ་བ་བཏགས་ནས་གོ་སྒྲིག་གནང་ཐུབ་པ་བྱུང་ན་དགེ་མཚན་ཡོད་པའི་དགོངས་འཆར་ཡང་གནང་།
དེ་རྗེས་ཆོས་ཚོགས་ཁག་གི་སྐུ་ཚབ་སོ་སོས་རང་ཉིད་ངོ་སྤྲོད་དང་འབྲེལ་ད་ལྟའི་བཀའ་ཤག་གི་ཕྱག་ལས་ལ་ཡི་རང་བསྔགས་བརྗོད་དང་། བཀའ་ཤག་ནས་གོ་སྟོན་སྲུང་བརྩིའི་བྱེད་སྒོ་གང་འདྲ་ཞིག་སྤེལ་ཡང་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་པའི་རྣམ་འགྱུར་གསལ་སྟོན་གནང་།མཇུག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེང་སང་རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་ཡག་ཐག་ཆོད་པོ་ཡོད་པ་ནི་གཙོ་བོ་༧གོང་ས་མཆོག་དང་བསྟན་བདག་བླ་ཆེན་རྣམ་པའི་བཀའ་དྲིན་ཡིན་པས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུས་གནང་བ་དང་། བཀའ་ཤག་གི་ངོས་ནས་ཆབ་སྲིད་ཀྱི་ལས་དོན་རྣམས་འཐུས་ཤོར་མེད་པར་སྒྲུབ་བཞིན་ཡོད་པ་དང་། ལས་དོན་ཁག་ལམ་ལྷོང་ཡོང་བའི་སླད་ཚང་མས་ཐུགས་སྨོན་གནང་རོགས་ཞེས་ཞུས།
དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་འདིར་ཁེ་ན་ཊ་དང་ཨ་རིའི་ས་གནས་ཁག་བཞིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་རྗེས་ཚེས་ ༡༤ ཉིན་ཝ་ཤིང་ཊོན་སྒྲི་སི་རུ་ཕེབས་ནས་གནད་ཡོད་མི་སྣ་ངོ་མཇལ་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ << བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་འཆར། (SR 138)>> གཏན་འབེབས་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་ནི་ཐེངས་འདིར་ཨ་རིར་ཕེབས་དོན་གཙོ་བོ་ཡིན་པ་བཅས།།