༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༡༩ ཉིན་ཉེ་ལམ་བོད་ནས་གསར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
སྐབས་དེར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་རང་ཉིད་མི་ཚེའི་ལོ་རྒྱུས་དང་། དམིགས་བསལ་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་ཆབ་སྲིད་ལས་འགུལ་སྤེལ་བའི་སྐོར་གསུང་དོན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པའི་ཟླ་མཇུག་ཏུ་ང་དང་ངའི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ཕྱུག་འཚོ་ཞོར་དུ་གསང་གྲོས་ཡང་ཡང་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ངེད་གཉིས་ཀྱིས་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ལུས་ལ་བོད་ཆས་གཙང་མ་གྱོན་ཞིང་། ལག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་ཏུ་བོད་ལ་ཕེབས་ཏུ་འཇུག་དགོས། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་གི་མི་ཚོགས་དཀྱིལ་དུ་གོམ་བགྲོད་བྱས་པ་ཡིན། སྐབས་འདིར་ང་ལོ་ ༡༥ དང་ངའི་སྤུན་ལོ་ ༡༦ རེད།
སྐད་འབོད་གོམ་བགྲོད་བྱས་ཏེ་སྐར་མ་ ༡༠ ཙམ་ཡང་མ་འགོར་བར་རྒྱབ་ལོག་ནས་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་དང་ལྷན་དུ་ཉེན་རྟོག་པ་བཞི་ལྔ་ཞིག་གིས་ངེད་གཉིས་ཀྱི་ལག་གི་སྐུ་པར་བཙན་འཕྲོག་བྱས་ཤིང་ཕར་འཐེན་ཚུན་འཐེན་བྱས་ནས་སྐར་མ་ ༣༠ ཙམ་འགོར་སོང་ལ། ཁོང་ཚོས་ཁ་རོག་སྡོད། སྐད་འབོད་མ་བྱེད་ཅེས་མདུན་རྒྱབ་ནས་བཟུང་སྟེ་ས་ལ་མནན་སོང་ཡང་ངེད་གཉིས་ཀྱིས་མུ་མཐུད་གང་ཐུབ་ཀྱིས་སྐད་འབོད་བྱས་པ་ཡིན། དེ་ནས་ལག་པ་གཉིས་རྒྱབ་ལག་བྱས་ཏེ་ལག་ལྕགས་བརྒྱབ་པ་དང་རླངས་འཁོར་ཞིག་གི་ནང་བཅུག་སྟེ་རྔ་བ་རྫོང་གི་བཀག་ཉར་ཁང་དུ་བཙན་འཁྲིད་བྱས་སོང་། ཉིན་དེའི་མཚན་གུང་ཙམ་ལ་རྔ་བ་རྫོང་ནས་འབར་ཁམས་ཀྱི་བཀག་ཉར་ཁང་དུ་འཁྲིད་སོང་། ཉིན་མཚན་དྲུག་ལྷག་རིང་འདྲི་ཞིབ་ཁང་ཆུང་ཆུང་ཞིག་གི་ནང་ཚ་གློག་ཚད་ལས་བརྒལ་བ་བཏང་སྟེ། འདྲི་རྩད་པ་རེས་མོས་བྱས་ནས་ངོ་རྒོལ་སྐད་འབོད་བྱེད་པར་སུས་སྐུལ་མ་བཏང་བ་དང་། དང་པོ་སུས་གྲོས་མགོ་བཏོན་པ། ༸རྒྱལ་བ་རིན་པོ་ཆེའི་སྐུ་པར་གང་ནས་རག་པ། ཕྱི་ལོགས་ན་ངོ་ཤེས་ཡོད་མེད་སོགས་དྲི་བ་སྣ་ཚོགས་དྲིས་ཏེ། རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན། ཁྱེད་གཉིས་ཀྱི་ཉེས་པ་ཧ་ཅང་ཚབས་ཆེན་ཡིན་པ་ཤེས་ཀྱི་ཡོད་དམ་ཞེས་སྐྲ་ནས་འཇུས་ཏེ་འགྲམ་ལྕག་དང་རྡོག་ཐོས་གཞུས་པ་སོགས་གཅར་རྡུང་རྒྱུན་མི་ཆད་པར་བཏང་བ་མ་ཟད། ཟས་བཅད་གཉིད་བཅགས་པ་དེས་མགྱོགས་པོར་ཤི་སོང་ན་དགའ་བ་ལ་བསམ་པའི་ཚོར་བ་ཡང་ཡང་བྱུང་། ཡང་མཚམས་རེར་འཇམ་པོའི་ཟོལ་གྱིས་ཁྱེད་རང་གཉིས་ཀྱིས་དྲང་པོ་བཤད་ན་ཉེས་པ་ཆུང་དུ་འགྲོ་བ་མ་ཟད། གང་མགྱོགས་ཀློད་གྲོལ་ཡང་གཏང་སྲིད་པ་ཡིན་སྐོར་སོགས་བཤད་ཀྱི་འདུག ཡིན་ནའང་། ངེད་གཉིས་ཀྱིས་རང་ཐག་རང་གཅོད་ཀྱིས་ཞི་བའི་ལས་འགུལ་དེ་སྤེལ་བ་ལས་སུ་གང་གིས་སྐུལ་མ་བྱས་མེད་ལ། ཁྱིམ་མིས་ཀྱང་གནས་ཚུལ་དེ་གང་ཡང་ཤེས་ཀྱི་མེད་པ་གསལ་པོ་བཤད་པ་ཡིན། དེ་ནས་ངེད་གཉིས་བཀྲ་ཤིས་རྒྱལ་ཁ་གླིང་རྫོང་གི་བཀག་ཉར་ཁང་དུ་ཟླ་བདུན་ལྷག་བཅུག་པ་བཅས་ལོ་གཅིག་དང་ཟླ་གཅིག་ཙམ་འགོར།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན། ཁྲོ་ཆུ་རྫོང་ཁྲིམས་ཁང་གིས། ང་དང་སྤུན་མཆེད་མ་ཁྲིམས་རར་འཁྲིད་དེ་དངོས་སུ་ཁྲིམས་བཤེར་བྱས། ཉི་མ་དེ་ནི་ངེད་གཉིས་འཛིན་བཟུང་བྱས་རྗེས་ཕན་ཚུན་མཐོང་བ་དང་པོ་ཡིན། ཁྲོམས་རའི་ནང་ངེད་གཉིས་ཀྱི་ཕ་མ་སྤུན་མཆེད་སོགས་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། གཞུང་གིས་ཆེད་བསྐོས་བྱས་པའི་ཁྲིམས་རྩོད་པ་བོད་པའི་བུ་མོ་ཞིག་དང་རྒྱ་མོ་ཞིག་འདུག རྒྱལ་ཁབ་ལ་ངོ་ལོག་བྱས་ཏེ་ཁ་བྲལ་བའི་བྱ་ངན་བསྒྲུབས་པ་དང་། ཏཱ་ལའི་ཁ་བྲལ་བར་དད་གུས་བྱས་པ་ཟེར་བའི་ཉེས་མིང་འོག་ངེད་གཉིས་ལ་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་སོང་། དེ་དུས་ང་སི་ཁྲོན་གྱི་གྲངས་ཉུང་མི་རིགས་ཀྱི་བཙོན་ཁང་ཞིག་ཏུ་འཁྲིད་སོང་། དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་ལས་མ་འགོར་བར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བུད་མེད་ཀྱི་བཙོན་ར་ཆེ་ཤོས(四川省女子监狱简阳市养马镇)ནང་འཁྲིད་སོང་།
ངེད་གཉིས་ཀྱི་སྔོན་དུ་བོད་པའི་བུད་མེད་གཉིས་བཙོན་ཁང་དེར་བཅུག་མྱོང་བ་རེད་ཟེར་གྱི་འདུག་ཀྱང་། སྐབས་དེར་ཁྱོན་བཙོན་པ་ ༦༠༠༠ ལྷག་ཙམ་ཡོད་པའི་ནང་བོད་རིགས་ངེད་གཉིས་མ་གཏོགས་མི་འདུག ཐོག་མའི་ཟླ་གསུམ་རིང་དམག་སྦྱོང་བྱས་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་ཟེར་བ་སོགས་ཀྱི་རྒྱ་ཡིག་གི་ཡིག་ཆ་མང་པོར་སློབ་སྦྱོང་བྱས་ཏེ་ངག་རྒྱུགས་བཏང་བ་དང་། བཙོན་ཁང་གི་འཚོ་བ་སྐྱེལ་སྟངས་སོགས་སྦྱོང་བརྡར་བྱས་པ་ཡིན། ཟླ་གསུམ་གྱི་རྗེས་སུ་ཉིན་ལྟར་ངས་ངལ་རྩོལ་ཁང་དུ་ཟངས་སྐུད་བཟོས་པ་དང་། ངའི་སྤུན་མཆེད་མས་དང་པོ་ཐ་མག་གི་ཤུབས་བཟོས་པ་དང་དེ་ནས་ཆུ་ཚོད་བཟོ་བའི་ལས་ཀ་བྱས། ཁྱིམ་མིས་ཟ་མ་དང་གྱོན་གོས་གང་ཡག་རེ་བཙོན་ཁང་དུ་བསྐྱལ་འདུག་ཀྱང་ལག་ཏུ་འབྱོར་མ་བྱུང་བས། ཟས་ལ་བཅུད་མེད་པ་དང་། དགུན་དུས་སུ་ཉལ་ཆས་གྱོན་གོས་སྲབ་དྲག་ནས་གྲང་ངར་ཆེ་བ། མི་རིགས་མི་འདྲ་བའི་མཐོང་ཆུང་དང་དབྱེ་འབྱེད་བྱེད་པ་སོགས་དཀའ་སྡུག་གང་མང་མྱངས་བ་མ་ཟད། དང་ཐོག་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་ཡང་ཆེ་ཙམ་བྱུང་།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་ངེད་གཉིས་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་རྗེས་རྔ་བ་རྫོང་པདྨ་ལྷ་ཐང་མངག་གཏོང་ཁང་དུ་བདུན་ཕྲག་གཅིག་རིང་བཞག་སྟེ། ཁྱིམ་མིར་ཁག་ཐེག་ཡི་གེ་འབྲི་རུ་བཅུག་པ་མ་ཟད། ངའི་ཕུ་བོ་ཡང་བཙོན་ཁང་དུ་ཡོད་པས་ངེད་ཚང་ཁྱིམ་ཐོ་ནག་པོའི་ནང་བཅུག་ཡོད་པ་རེད། ངེད་གཉིས་ཀློད་གྲོལ་ཐོབ་རྗེས་ཀྱང་ལྟ་རྟོག་འོག་བཞག་ནས་འགྲོ་འདུག་ལ་རང་དབང་གཏན་ནས་མེད་པ་དང་། ཐ་ན་མི་ཞིག་ལ་ཐུག་དགོས་ཀྱང་འཛེམ་དོགས་དགོས་པ་སོགས་དཀའ་ངལ་མུ་མཐུད་དུ་འཕྲད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་༥ ཚེས་༡༣ ཉིན་ངའི་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་ཁྱིམ་མི་སོགས་སུ་གང་ལའང་ཤེས་སུ་མ་བཅུག་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཐུབ་པ་བྱུང་། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་སོང་། ཞེས་འགྲེལ་བརྗོད་ཞིབ་རྒྱས་གནང་ཡོད།
སྤྱིར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནི་བོད་མདོ་སྨད་རྔ་བ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། འབྲོག་པའི་བྱིས་པ་གཞན་མང་པོ་དང་འདྲ་བར་ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་དང་ལྷན་དུ་འབྲོག་ལས་བྱས་ཏེ་བསྡད་ཡོད་པས། སློབ་གྲྭར་འགྲོ་བའི་སྐལ་བ་བཟང་པོ་དེ་མ་ཐོབ། ཡིན་ནའང་། ཆུང་དུས་ནས་ཕ་མ་གཉིས་གཙོ་བོར་གྱུར་བའི་རྒན་པ་རྣམས་ཀྱི་ཞལ་ནས་རྒྱ་ནག་དམར་གཞུང་གིས་དམར་གསོད་འཕྲོག་བཅོམ་བྱས་ཏེ་བོད་བཙན་བཟུང་བྱས་པ་དང་། བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་དམ་པ་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་དགོས་བྱུང་ཡོད་པ་སོགས་བོད་གངས་ཅན་པའི་ལོ་རྒྱུས་ཡིད་སྐྱོ་བ་མང་པོ་ཞིག་གོ་ཐོས་བྱུང་སྐབས་སེམས་ལ་སྐྱོ་བ་ཚད་མེད་བྱུང་། ནམ་ཞིག་ན་བོད་ལ་རང་དབང་འཐོབ་ཐུབ་པ་དང་། རྩ་བའི་བླ་མའི་ཞལ་མཇལ། གསུང་ཐོས་ཐུབ་པར་སྨོན་ལམ་ཡང་ཡང་རྒྱག་གི་ཡོད། བོད་ནང་དུ་རྒྱལ་གཅེས་ལྷག་བསམ་ཅན་ཕོ་མོ་རྒན་གཞོན་མེད་པར་མང་པོ་ཞིག་གིས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། མང་ཚོགས་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་དང་། འགྲོ་འདུག་གི་རང་དབང་ལ་བཙན་གནོན་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ནང་གི་ཉིན་རེའི་དཀའ་སྡུག་མནར་གཅོད་རྣམས་མཁྱེན་རྟོགས་ཐུབ་ཀྱི་ཡོད་པ་མ་རེད་བསམ་པའི་བློ་འཚབ་དང་ཡིད་གདུང་ཆེན་པོ་བྱུང་བར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་༥ ཚེས་༡༣ ཉིན་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་ཁྱིམ་མི་སོགས་སུ་གང་ལའང་ཤེས་སུ་མ་བཅུག་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥་ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཐུབ་པ་བྱུང་། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད། །