༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཁལ་རེཌ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་བཞུགས་གྲལ་དུ་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་།དེ་ནས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམས་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོའི་ཐོག་ཆེད་དུ་འདོན་སྤེལ་ཞུས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་རིས་བསྒྲིགས་རྩེད་ཆས་ (jigsaw puzzle) དབུ་འབྱེད་གནང་རྗེས་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཚོན་ཆེད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཁལ་རེཌ་ (Jukku-Kalle Raid) མཆོག དེ་བཞིན་བཀྲ་ཤིས་ལྷུན་པོའི་མཁན་པོ་སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་ནས་མངར་ཟས་སྤྲི་གོར་འདེགས་འབུལ་ཞུས།
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ཆེད་རྩོམ་ཞུས་པའི་གླུ་གཞས་པཎ་ཆེན་ཆོས་ཀྱི་ཉི་མ་ཞེས་པ་གཟིགས་འབུལ་ཞུས་རྗེས་དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༸རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་གིས་གསུང་བཤད་གནང་། སྐབས་དེར་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་གནང་བ་ནི། ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་འགན་དབང་ཆེན་པོ་ཞིག་ཡིན་མོད། ད་ལྟ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཧ་ཅང་ཡིིད་སྐྱོ་ཞིང་ཐབས་རྡུགས་པའི་གནས་སྟངས་འོག་ཏུ་ལྷག་ལུས་སུ་གྱུར་ཡོད་པ་དང་། ང་ཚོ་གཞུང་སྒེར་ཚང་མས་ྋརྒྱལ་མཆོག་ཡབ་སྲས་ཟུང་གི་མཛད་འཕྲིན་ལ་དུས་གཅིག་ཏུ་དབུ་འོག་དཔུང་འདེགས་ཞུ་མ་ཐུབ་པ་ནི་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་ཡོད།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་བཅས་གར་ཡོད་ཤེས་རྟོགས་དང་མྱུར་དུ་གློད་བཀྲོལ་ཡོང་ཐབས་སུ་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་ངོས་ནས་ད་བར་འཛམ་གླིང་ནང་ཐབས་ཤེས་གང་ཡོད་ཞུས་ཤིང་། ལྷག་པར་ང་ཚོ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས། འཛམ་གླིང་ཤར་ནུབ་རྒྱལ་ཁབ་མང་པོའི་གནད་ཡོད་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་ཁག་གི་འཐུས་མི། དེ་བཞིན་གཟུར་གནས་མི་མང་ཁྲི་སྟོང་མང་པོར་གནད་དོན་འགྲེལ་བརྗོད་དང་འབྲེལ་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུས་དང་ཞུ་བཞིན་ཡོད་ཀྱང༌། ད་བར་རྒྱ་ནག་གཞུང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང༌། སྐུ་ཞབས་བྱ་བྲལ་རིན་པོ་ཆེའི་སྐུ་ཕྱྭའི་གནས་སྟངས་དང་གར་ཡོད་སོགས་ཀྱི་གནས་ཚུལ་ཁ་གསལ་ཞིག་རྩ་བ་ནས་བརྗོད་མྱོང་མེད་པ་རེད། ཅེས་སོགས་གསུང་ཡོད་པ་རེད།
དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྐྱབས་རྗེ་ཚེ་མཆོག་གླིང་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙུག་ལག་རབ་འབྱམས་པ་དང་གཞུང་ཆེན་ཉམས་ཞིབ་པ་འཕྲིན་ལས་དབང་ཕྱུག་ལགས་ཀྱིས་རྩོམ་བྲིས་གནང་བའི་ཕྱག་དེབ་གདན་ས་བཀྲ་ཤིས་ལྷུན་པོའི་མཁས་པའི་སྒྱུ་རྩོམ་ཞིབ་འཇུག་དང་། གདན་ས་བཀྲ་ཤིས་ལྷུན་པོའི་མཁས་པའི་གསུང་འབུམ་དཀར་ཆག རིག་གཞུང་དཔྱད་རྩོམ་འབྲི་ཐབས་དང། དཔྱད་རྩོམ་ཕྱོགས་སྒྲིག་སུམ་རྟགས་ཀྱི་དྲིས་ལན། དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོའི་སློབ་གཉེར་བ་རྣམ་པས་རྩོམ་སྒྲིག་བྱས་པའི་སོ་ལྔའི་བསྟོད་ཚིག་དྲི་ཟའི་དབྱངས་སྙན་དང་། གདན་ས་བཀྲ་ཤིས་ལྷུན་པོའི་སློབ་གྲའི་དུས་དེབ་ལྷུན་པོའི་མཛད་འགན་བཅས་ཕྱག་དེབ་ཁག་ལྔ་དབུ་འབྱེད་གནང་།དེ་རྗེས་བོད་ཀྱི་གཞས་པ་ཚེ་རིང་འགྱུར་མེད་ལགས་ཀྱིས་ཆེད་མངགས་རྩོམ་སྒྲིག་ཞུས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྟོད་གླུ་ཞིག་གཟིགས་འབུལ་ཞུས་རྗེས་དམིགས་བསལ་སྐུ་མགྲོན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་ནས་གསུང་བཤད་དང་། དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་ཨི་སི་ཏོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་རོ་ཧི་ (Roy Strider) མཆོག་དང་། དམིགས་བསལ་སྐུ་མགྲོན་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏར་མོ་ཏམ་ (Tarmo Tamm) མཆོག དམིགས་བསལ་སྐུ་མགྲོན་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧཱེན་པོ་ལུ་ཨ་སི་ (Henn Polluass) མཆོག སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཁལ་རེཌ་ (Jukku-Kalle Raid) མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཕྲལ་དུ་གྲོད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང་འབྲེལ་བའི་གསུང་བཤད་གནང་རྗེས་མཐར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ནས་བདེན་ཚིག་སྨོན་ལམ་གསུང་འདོན་དང་སྦྲགས་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།