༄༅། །ཕ་རན་སིའི་གྲོས་ཚོགས་འཐུས་མི་དང་ (Villeneuve-Loubet) གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ལི་ཨོ་ནེལ་ (Lionnel-Loubet) ལགས་ཀྱིས་མགྲོན་འབོད་བཞིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་ (Villeneuve-Loubet) གྲོང་ཁྱེར་དུ་ (Day for a Free Tibet) ཞེས་བོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུས་པའི་མཛད་སྒོར་ལྷན་ཞུགས་གནང་ཡོད།
དེ་ཡང་དུས་དྲན་འདི་བཞིན་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ལི་ཨོ་ནེལ་ལགས་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དར་སྤེལ་སླད་ཕྱི་ལོ་ ༢༠༡༤ ནས་འགོ་འཛུགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༣ ཚེས ༡༠ ཉིན་སྲུང་བརྩི་ཞུ་བཞིན་ཡོད། ཉིན་དེའི་སྔ་དྲོར་གློག་བརྙན་འཁྲབ་ཁྲིད་པ་མིག་དམར་ལགས་ཀྱིས་བཟོ་སྐྲུན་གནང་བའི་བོད་ལ་རང་དབང་ཐོབ་པའི་རེ་བ་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་འདུག གློག་བརྙན་འདིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དང་བོད་མིའི་བདེ་དོན་སླད་ཞུ་སྐུལ་མཛད་ནས་ཕྱི་ལོ ༡༩༦༢ ལོར་བོད་ཕྲུག་ཉི་ཤུ་ཙམ་ཐོག་མར་ཕ་རན་སིར་སྐྱབས་བཅོལ་ཕེབས་པའི་བརྒྱུད་རིམ་སྐོར་ཡིན་འདུག་ཅིང་། གློག་བརྙན་གཟིགས་འབུལ་དང་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་ཐོག་སྐུ་ཚབ་དོན་གཅོད་མཉམ་ཞུགས་ཡང་གནང་འདུགདེ་རྗེས་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ལི་ཨོ་ནེལ་ལགས་ཀྱིས་སྐུ་ཚབ་དོན་གཅོད་སྣེ་ལེན་དང་འབྲེལ་ཕྱོགས་གཉིས་དབར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་བསྡུར་གནང་ཡོད། མཇལ་མོལ་སྐབས་སྐུ་ཚབ་དོན་གཅོད་ཀྱིས་གྲོང་སྡེ་སྤྱི་ཁྱབ་མཆོག་ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
མཇལ་མོལ་གྲུབ་མཚམས་གྲོང་སྡེ་ལས་ཁུངས་སུ་བོད་རང་དབང་གི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཚོགས་འདུག་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གལ་གནད་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། དེ་བཞིན་ཕ་རན་སིའི་གཞུང་མང་གཉིས་ནས་བོད་མིར་རྒྱུན་མཐུད་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཉིན་མོ་སྲུང་བརྩིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཆོས་ཚོགས་ཁག་སོགས་ཚོགས་སྒེར་ཁག་ནས་བོད་དོན་འགྲེམས་སྟོན་དང་། རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་བསྐྲུན། བོད་ཟས་ཚོང་འདུས་སོགས་གོ་སྒྲིག་ཞུས་ཡོད།
སྤྱིར་ (Villeneuve-Loubet) གྲོང་སྡེ་ལས་ཁུངས་ནས་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་སླད་ཕྱི་ལོ་ ༢༠༡༦ ནས་བཟུང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་འདུག གྲངས་ཐོར་གཞིགས་ན་ཕ་རན་སིའི་གྲོང་སྡེ་ ༦༧༦ དང་། སྦེལ་ཇམ་གྱི་གྲོང་སྡེ་ ༥༥ ལུག་སམ་བྷག་གྱི་གྲོང་སྡེ་ ༤༠ ཙམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོ་དང་། ཁག་ཅིག་གིས་ལོ་འཁོར་གཅིག་རིང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པ་རེད་འདུག །