༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་མཐའ་མ་བསྐྱངས་གནང་སོང་།
སྔ་དྲོ་ཁྲིམས་བཟོའི་ལས་དོན། བརྗོད་པ་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི་སྒྲིག་གཞི། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བཅས་ཀྱི་བསྐྱར་བཅོས་ཁྲིམས་འཆར་བརྗོད་པ་གསུམ་པའི་ཐོག་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།ལས་རིམ་བཞིན་སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༡༢ པ་བསྐོ་གཞག་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་བ་དང་། གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས་གནང་སོང་།
དེ་བཞིན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཐོག་བསྐྱར་ཞིབ་ཆེད་འཛུགས་ཚོགས་ཆུང་བསྐོ་གཞག་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པར་སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་རྒྱབ་སྐྱོར་གནང་སོང་བ་། གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།དེ་ནས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་ ༤༢ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༣་་་༢༠༢༤ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༣༧,༧༡༩,༥༤༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༡༤༣,༢༢༢,༧༡༩ དང་། དོན་ཚན་གཉིས་པ། འགྲོ་སོང་། “རྩིས་ལོ་ ༢༠༢༣་་༢༠༢༤ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༤༥༡,༣༩༣,༩༩༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་གནང་བ་བསྡོམས་སྒོར་ ༡༤༠,༨༠༤,༠༧༧ བཅས་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཡིག་ཆ་ཨང་ ༤༣ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༢,༩༦༣,༡༤༤,༧༡༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༦༧,༣༠༦,༣༦༧” དང་། དོན་ཚན་གཉིས་པ། འགྲོ་སོང་། “བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༣༡,༠༢༢,༢༣༤ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༥༧,༩༨༥,༧༨༡ བཅས་སྙན་སྒྲོན་གནང་བར། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་གནང་གྲུབ་མཚམས། ལས་རིམ་ལྟར། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་སོང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་བདུན་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་བསྒྲིལ་གནང་ཡོད་པ་བཅས།།