༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དགུ་པ་བསྐྱངས་གནང་སོང་།
དེ་ཡང་ཁྲིམས་བཟོའི་ལས་དོན། བརྗོད་པ་གཉིས་པའི་ལས་རིམ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་སོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་ ༣ དང་ ༤ དང་། དོན་ཚན་ ༤༢ དང་། དོན་ཚན་ ༥༧ དང་། དོན་ཚན་ ༦༣ པའི་ནང་གསེས་ ༡ དང་ནང་གསེས་ ༢ (ག) ནང་གསེས་ ༤ ཕུད་བསྐྱར་བཅོས་ཁྲིམས་འཆར་དང་བཟོ་བཅོས་ཁྲིམས་འཆར་རྣམས་བརྗོད་པ་གཉིས་པའི་ཐོག་གཏན་འབེབས་གྲུབ་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༣ དང་ ༦ དེ་བཞིན་དོན་ཚན་ ༦༤ དང། དོན་ཚན་ ༧༢ དང་། དོན་ཚན་ ༧༦ དང་། དོན་ཚན་ ༧༨ དང་། དོན་ཚན་ ༨༠ དང་། དོན་ཚན་ ༩༡ དང་། དོན་ཚན་ ༩༢ དང། དོན་ཚན་ ༩༧ དང་། དོན་ཚན་ ༩༩ དང་། དོན་ཚན་ ༡༠༡ དང་། དོན་ཚན་ ༡༠༥ དང་། དོན་ཚན་ ༡༠༧ དང་། དོན་ཚན་ ༡༡༠ བཅས་སང་མུ་མཐུད་བརྗོད་པ་གཉིས་པའི་ཐོག་འགྲོ་རྒྱུ་ཡིན་པ་རེད།
དེ་རིང་ཀང་རྰ་རྫོང་གི་རྫོང་དཔོན་སྐུ་ཞབས་ཧེམ་ར་ཇ་ (Deputy Commissioner, Mr. Hemraj Bairwa, I.A.S) ལགས་དང་ཁོང་གི་སྐུ་ཟླ། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་མཐོ་རིམ་ལས་བྱེད་སྐུ་ཞབས་པཱོལ་གོ་ཧྲོབ་ལགས་ (Paul Grove, Minority Clerk, Senate Appropriation Committee) དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྔོན་རྩིས་འགྲོ་གྲོན་སློབ་སྟོན་པ་བགྲེས་པ་སྐུ་ཞབས་པཱོལ་རེཌ་མྷེ་ཆར་ལགས་ (Paul Rademachar, Senior Appropriation Advisor, State Department) དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་རོགས་ཚོགས་ (United States Agency for International Development) ཀྱི་གནད་ཡོད་མི་སྣ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་།
དེ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ཟུར་ཉན་དུ་ཕེབས་པ་དང་། ཁོང་རྣམ་པར་གྲོས་ཚོགས་སུ་དགའ་བསུ་ཞུས་ཡོད་པ་བཅས། །