༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༢༦ ནས་ཕྱི་ཟླ་ ༣ ཚེས་ ༢༤ བར་སུད་སིའི་དཔྱིད་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༥ རེས་གཟའ་མིག་དམར་ཉིན་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་འདུག
ཚོགས་འདུ་དེ་བཞིན་སུད་སི་རྒྱལ་ཡོངས་འོས་བསྡུ་ལས་རིམ་གྲུབ་རྗེས་བསྐོང་ཚོགས་གནང་བ་ཐོག་མ་དེ་ཆགས་ཡོད། སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དྲ་ལམ་བརྒྱུད་ལྷན་ཞུགས་ཀྱིས་བསྐྱར་འདེམས་བྱུང་བའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད།དེ་ཡང་ཚོགས་འདུ་ཐོག་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ལྕམ་སྐུ་ཕེ་བིན་མོ་ལི་ན་ (Fabian Molina) ལགས་དང་། སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) ལགས། སྐུ་ཞབས་ནིག་གུ་ར་ (Nik Gugger) ལགས། དེ་བཞིན་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་མ་ཡ་ག་རཕ་ (Maya Graf) ལགས། ཚོགས་མི་ལྕམ་སྐུ་བྷར་བྷ་ར་གི་སི་ (Barbara Gysi) ལགས། སྐུ་ཞབས་མཱ་ཐི་ཡ་སི་ཛོབ་ཕི་ (Mathias Zopfi) ལགས། སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་ (Thomas Buchli) ལགས་དང་། ཚོགས་མི་ལྕམ་སྐུ་ཧྥན་ནེ་མོ་རེལ་ (Fanny Morel) ལགས་བཅས་ལྷན་ཞུགས་གནང་ཡོད་པ་རེད།སྐབས་དེར་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྐོར་ངོ་སྤྲོད་གནང་ཞིང་། བོད་རྒྱའི་དཀའ་རྙོག་འདི་བཞིན་ད་བར་སེལ་ཐུབ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཡིན་སྐོར་གསུང་པ་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ངོས་འཛིན་བྱེད་དགོས་པའི་གསལ་བཀྲོལ་གནང་འདུག
དེ་བཞིན་དོན་ཁང་གི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཆེད་བཙན་དབང་གིས་དགོན་པ་གཏོར་བཤིག་དང་གྲོང་སྡེ་གནས་སྤོ་བྱེད་བཞིན་པར་ས་གནས་བོད་མི་རྣམས་ནས་ཞི་བའི་ངོ་རྒོལ་གནང་བར་རྒྱ་ནག་གཞུང་གིས་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་པའི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་འདུག
སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་ལགས་ཀྱིས་ཁྲིམས་ལུགས་མཁས་པ་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ (Michael van Walt van praag) ལགས་ཀྱིས་བརྩམས་པའི་བོད་དོན་གནས་བསྡུས་ཞེས་པའི་དཔེ་དེབ་ནང་དོན་སྐོར་འགྲེལ་བརྗོད་དང་། འཇར་མན་སྐད་ཡིག་ཐོག་སྒྱུར་བའི་དཔེ་དེབ་འགྲེམས་སྤེལ་གནང་འདུག །