༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༥ ནས་ ༡༨ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཚོར་ཀླད་པའི་རྩལ་སྦྱོང་དང་སློབ་ཁྲིད་ཐབས་ལམ་གཉིས་ཟུང་འབྲེལ་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད།
དེ་ཡང་ཟབ་སྦྱོང་དེའི་དམིགས་ཡུལ་ནི་སློབ་ཕྲུག་ཚོར་སློབ་ཁྲིད་དང་ལྟ་སྐྱོང་བྱེད་པར་དགེ་རྒན་རྣམས་ལ་ཕྲུ་གུའི་དཀའ་ངལ་སྐོར་གོ་རྟོགས་ངེས་ཤེས་དང་། ཐབས་བྱུས་སོགས་སློབ་སྟོན་གནང་རྒྱུ་ཡིན་པ་ལྟར། ཕྲུ་གུ་རྣམས་ཀྱི་དོ་སྣང་དང་། གསར་གཏོད་རིག་རྩལ། ཤེས་ཡོན་ཡར་རྒྱས་འགྲོ་བར་དགེ་རྒན་རྣམས་ལ་ཀླད་རྩལ་སྦྱོང་བརྡར་དང་ཐབས་ལམ་ངོ་སྤྲོད་ཞུས་ཡོད་པ་དང་། སྐབས་དེར་དགེ་རྒན་ཚོར་ཕྲུ་གུའི་ཤེས་རྟོགས་ཀྱི་ནུས་རྩལ་གོང་མཐོར་གཏང་རྒྱུ་དང། ཀླད་པའི་གཡས་གཡོན་གྱི་ཆ་ཤས་སོ་སོའི་བར་གྱི་འབྲེལ་ལམ་གོང་མཐོར་གཏང་རྒྱུར་ཀླད་རྩལ་འགུལ་སྐྱོད་སྦྱོང་བརྡར་ཉི་ཤུ་རྩ་དྲུག་ངོ་སྤྲོད་སློབ་སྟོན་གནང་ཡོད། དགེ་རྒན་རྣམས་ནས་ཀླད་པའི་རྩལ་སྦྱོང་ཉེར་དྲུག་དེ་དག་ལ་རྒྱུས་ལོན་ཞུས་ཏེ། ཉིན་རེར་འཛིན་གྲྭའི་ནང་ལག་བསྟར་གནང་ཐུབ་ཅིང་། རྩལ་སྦྱོང་འདི་དག་གིས་སློབ་ཕྲུག་ཚོ་ཞི་བདེའི་གནས་བབ་ལ་ཕྱིར་ལོག་ཐུབ་པར་མ་ཟད། གཞི་རྩའི་འགུལ་སྐྱོད་ནུས་རྩལ་དང་། རང་རྟོགས་ནུས་རྩལ། སེམས་ངལ་སྟངས་འཛིན་གྱི་ཐབས་ལམ་བཅས་ཀྱང་ཡར་རྒྱས་གཏོང་ཐུབ། ད་དུང་རྩལ་དེ་དག་གིས་དོ་སྣང་དང་། བློ་རྩེ་སྒྲིམ་པ། ཕན་ཚུན་འབྲེལ་ལམ་བྱེད་པ་སོགས་ལུས་རྩལ་གྱི་ནུས་རྩལ་རྣམས་ཡར་རྒྱས་གཏོང་བར་ཕན།
ཟབ་སྦྱོང་ནང་བོད་སློབ་ཁག་གི་དགེ་རྒན་གྲངས་ ༢༥ མཉམ་ཞུགས་ཀྱིས་ཁོང་རྣམས་ལ་ཚོར་བ་སྐྱེན་པའི་བྱིས་པ་ཞེས་པའི་ཚོགས་པའི་སློབ་སྟོན་པ་འབུམ་རམས་པ་ཤིབ་ར་གུཔྟ་(Shipra Gupta) ལགས་དང་། འབུམ་རམས་པ་མ་རི་གན་ཨ་གྷར་ཝལ་ (Mrigank Aggarwal) ལགས་གཉིས་ཀྱིས་སློབ་སྟོན་གནང་ཡོད། ལས་གཞིའི་འདིར་ཨ་རིའི་རོགས་ཚོགས་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།