༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༡ ཉིན་རྒྱ་གར་གྱི་ཚོགས་པ་ (Akhil Bharat Rachnatmak Samaj) ཞེས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་བྷི་བྷུ་ཏི་ཀཱུ་མར་མཱི་ཤཱ་ར་ལགས་ཀྱིས་གཙོས་ཞི་མཐུན་ (Peace and Harmony) སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་སྦྲགས། ཁོང་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་འཕེལ་རིམ་དང་། ལས་དོན་གནང་ཕྱོགས། དེ་བཞིན་སྤྱི་ལྷན་གྱི་གྲུབ་ཆ་སོགས་ངོ་སྤྲོད་གནང་སོང་།མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཇམ་གླིང་ཁྱོན་ཡོངས་ལ་དམག་འཁྲུག་དང་། དེ་བཞིན་ཡར་རྒྱས་ལ་མིང་རྟགས་ནས་ཁོར་ཡུག་ལ་གནོད་སྐྱོན་ཚད་མེདའགྲོ་བཞིན་ཡོད་པ་སོགས་ཟང་ཟིང་གི་དུས་སྐབས་འདིར་ཚོགས་པ་དེའི་ཞི་མཐུན་ལས་གཞི་འོག་ཞི་བདེ་དང་། མཐུན་འབྲེལ། ལྷིང་འཇགས་སོགས་བསྐྲུན་རྒྱུའི་ནུས་པར་བསྔགས་བསྟོད་གནང་སོང་།དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཞི་བདེ་མཉམ་གནས་དེ་མི་དང་མི་ཙམ་མིན་པར་མི་དང་ཁོར་ཡུག་དབར་མཉམ་གནས་དགོས་པའི་ཐོག་བོད་མཐོ་སྒང་དེ་འཛམ་གླིང་ལ་གལ་གནད་ཆེ་ཚུལ་དང་འབྲེལ་བོད་ནི་ཡོངས་གྲགས་སུ་འཛམ་གླིང་ས་ཡི་མཐོ་སྒང་ངམ་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར། བོད་ནས་བྱུང་བའི་ཆུ་བོ་དེ་དག་ལྷོ་ཤར་ཨེ་ཤི་ཡའི་མི་མང་ས་ཡ་མང་པོའི་འཚོ་བ་རྟེན་གཞི་ཆགས་ཡོད་པའི་སྐོར་དང་། མ་འོངས་པར་ཚོགས་པའི་ངོས་ནས་ལས་རིམ་དང་ལས་འཆར་སོགས་གང་གོ་སྒྲིག་ཞུ་གནང་ཡང་བོད་དོན་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད་ཐོག་ངེས་པར་དུ་གསལ་བཤད་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན་སྤྱི་ཚོགས་ཡར་རྒྱས་ཆེད་བུད་མེད་ཀྱི་ནུས་པར་གདེང་འཇོག་དགོས་སྐོར་གསུང་གནང་སོང་།དེ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ཟུར་ཉན་དུ་ཕེབས་པ་དང་། ཁོང་རྣམ་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་། སྐུ་ཞབས་བྷི་བྷུ་ཏི་ཀཱུ་མར་མཱི་ཤཱ་ར་ལགས་ནི་རྒྱ་གར་ (Akhil Bharat Rachnatmak Samaj) ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཡིན་པ་དང་། ཚོགས་པ་དེ་ཉིད་ཐོག་མར་སྲོལ་གཏོད་མཁན་གྷན་དྷིའི་རྗེས་བྲངས་པ་དང་སྤྱི་ཚོགས་ཞབས་ཞུ་བ་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ལྕམ་སྐུ་ (Padma Vibhushan Dr. Nirmala Deshpande) ཡིན་པ་རེད།ཁོང་དང་ལས་རོགས་རྣམས་ནས་ཞི་བདེ་དང་མཐུན་སྒྲིལ་གྱི་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ༸གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་འགོ་འཛུགས་གནང་ནས་ཤིང་ནགས་འདེབས་འཛུགས་ཀྱི་ལས་གཞི་ཞིག་ལོ་ངོ་གཅིག་ཧྲིལ་པོའི་རིང་བསྐྱངས་ཡོད་ལ་ཁོང་ནི་བོད་མིའི་རྩ་དོན་ཐོག་འབྲེལ་ཡོད་ཚོགས་པ་བརྒྱུད་ནས་ཐུགས་འགན་གནང་བཞིན་ཡོད།
ཞི་མཐུན་ཚོགས་པ་དེ་བརྒྱུད་ནས་སྤྱི་ཚོགས་ནང་དཀའ་ངལ་ཅན་གྱི་གཞོན་སྐྱེས་རྣམས་ཀྱི་གནས་སྟངས་མཐོ་རུ་གཏོང་རྒྱུ་དང་། ཁོང་ནི་མ་ཧི་ལ་པར་བྷོ་རྡི་ནི་ཐེབས་རྩ་ (Mahila Prabodhini Foundation) སྲོལ་གཏོད་མཁན་ཡིན་པ་དང་ཚོགས་པ་དེ་བརྒྱུད་ནས་གྲོང་གསེབ་ནང་གི་དཀའ་ངལ་ཡོད་བུད་མེད་རྣམས་ལ་མཐུན་རྐྱེན་རོགས་སྐྱོར་གནང་གི་ཡོད་པ་བཅས།