༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པས་ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་གྱི་རིང་བཞུགས་སྒར་རྡ་ས་དང་། སྦིར། ཅོན་ཏ་ར་བཅས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་དང་། དེ་བཞིན་ཡན་ལག་སྨན་རྩིས་ཁང་གི་ལས་བྱེད་རྣམས་ལ་འཕྲོད་བསྟེན་གྲངས་ཐོ་བསྡུ་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་ཞིག་གནང་ཡོད།
སྦྱོང་བརྡར་འདིའི་བརྒྱུད་གཙོ་བོར་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་ལས་བྱེད་རྣམ་པས་ས་གནས་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་རྒྱུས་ལོན་གྱིས་མཚོན་ས་གནས་སུ་ནད་རིགས་སྔོན་འགོག་དང་། གཟིགས་རྟོགས་གང་ཐུབ་ཡོང་རྒྱུར་དམིགས་ཚད་བཟུང་ཡོད།
གཞན་ཡང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་སུ་འཕྲོད་བསྟེན་གྲངས་ཐོ་བསྡུ་ཕྱོགས་དང་འབྲེལ་བའི་ཚོད་ལྟའི་ལས་གཞི་འགོ་འཛུགས་གནང་འཆར་ཡོད་པ་དང་། ད་ལྟའི་ཆར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྨན་པ་དང་སྨན་ཞབས་པ་རྣམས་ལ་འཕྲོད་བསྟེན་གྲངས་ཐོ་བསྡུ་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་ཕུལ་ཟིན་པ་རེད་འདུག
འཕྲོད་བསྟེན་གྱི་གྲངས་ཐོ་བསྡུ་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་འདི་བཞིན་ (Society for Health Information System Programmes) ཞེས་རྒྱ་གར་གྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ནས་ཟབ་ཁྲིད་གནང་ཡོད་པ་རེད་འདུག