༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས་བོད་འབྱོར་རྒྱ་དམག་གི་རྩུབ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཏེ་མི་ལོ་ ༦༥ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་ལ། ཕྱི་ལོ་ ༡༩༨༧ ནས་ལོ་གསུམ་བསྟུད་མར་ལྷ་སར་ཞི་རྒོལ་བྱུང་བར་ ༡༩༨༩ ཟླ་ ༣ ཚེས་ ༥ ཉིན་རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་མི་ལོ་ ༣༥ ལྷག་འགྲོ་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ ༡༦ འཁོར་བའི་དུས་ཚིགས་ཀྱང་ཡིན་ལ། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་མཁན་ ༡༥༧ ཤེས་ཚོར་བྱུང་ཡོད་པ་བཅས། རྒྱ་གཞུང་གི་དབང་ཤེད་དྲག་གནོན་འོག་ལུས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་རྗེས་སུ་དྲན་པའི་སྒོ་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་བསྔོ་སྨོན་གསོལ་འདེབས་དང༌། ད་ལྟའང་རྒྱ་གཞུང་གི་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
བོད་ཀྱི་མ་འོངས་པར་བསམ་གཞིག་བྱེད་སྐབས། ང་ཚོས་བོད་དང་འཛམ་གླིང་ཁྱོན་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་ལ་བསམ་བློ་མི་གཏོང་ཀ་མེད་ཡིན་ཞིང་། ར་ཤི་ཡས་ཡུ་ཁེ་རེན་ལ་བཙན་འཛུལ་བྱས་ཏེ་ལོ་གཉིས་ལྷག་ཕྱིན་པ་དང་། གྷ་ཛའི་ཁུལ་དུ་དབྱི་སི་རལ་དང་ཧ་མ་སི་གཡུལ་འཐབ་མཚམས་ཆོད་ཀྱི་མེད་པ་བཅས་ཀྱིས་ཡུ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོར་འཁྲུག་ཟིང་གི་སྨག་རུམ་མཐུག་པོ་འཐིབ་ཅིང་། སྟོབས་ཆེན་རྒྱལ་ཁབ་དབར་ཆབ་སྲིད་དང་ཚོང་འབྲེལ། དྲག་ཤུགས་ཀྱི་ཤོག་བསྒྲིལ་དང་། རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་དང་དུས་མཚུངས་སུ་མང་ཚོགས་ཀྱི་སྒོ་གསུམ་རང་དབང་ལ་དམ་བསྒྲགས་ཀྱི་སྲིད་ཇུས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། བོད་ནང་བོད་མི་རིགས་ཡུན་གནས་ཐུབ་མིན་ཐད་ལོ་རྒྱུས་སུ་བྱུང་མ་མྱོང་བའི་དཀའ་ཉེན་འཕྲད་བཞིན་ཡོད།
དེ་ཡང་རྒྱ་ནག་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པའི་ལོ་ངོ་བདུན་ཅུ་ལྷག་གི་རིང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་རྒྱུན་མཐུད་སྤེལ་མུས་ཐོག ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་། རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་ཀྱི་གྲོང་གསེབ་དང་འབྲོག་སྡེ་བར་གྱི་གཞི་རིམ་སྒྲིག་འཛུགས་རྒྱ་བསྐྱེད་དང་། གཞི་རྒྱ་ཆེན་པོའི་སྒོ་ནས་བོད་ནང་ཁུལ་དང་བོད་ཕྱིར་མི་འབོར་གཞིས་སྤོ། ལས་བྱེད་ཁྲི་ཕྲག་དུ་མ་ལས་གྲུབ་པའི་ལས་དོན་རུ་ཁག་ཆེད་གཏོང་གིས་བོད་མིའི་འགྲོ་འདུག་ཉལ་འཆག་ལ་སྟངས་འཛིན། དྲ་མིག་ཅན་གྱི་འཛིན་སྐྱོང་ལ་བརྟེན་ནས་གྲོང་ཚོ་རི་ཀླུང་དང་མིའི་འགྲོ་འོང་བཅས་པར་ཉིན་མཚན་ལྟ་བཤེར་དང་། བོད་མི་ནང་ཁུལ་ཕན་ཚུན་སོ་ལྟ་བྱ་ར་བཙན་འགེལ་བྱེད་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་དོར་ཏེ་”ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་”དགོས་པ་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་མི་ཆོག་པར་”རྒྱའི་སྐད་ཡིག་ (རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་) ཁྱབ་གདལ་”གཏོང་དགོས་པ་དང་། ནང་པའི་བཀའ་བསྟན་དམར་པོའི་ལྟ་གྲུབ་དང་འཚམས་པར་འགྲེལ་བཤད་གསར་རྩོམ་དང་། ཆོས་ཁྲིམས་དང་འདུལ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་”བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་”དགོས་ཚུལ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་”ཟེར་བ་ཁྱིམ་ཚང་རེ་རེ་དང་མི་རེ་ངོ་རེར་སྤེལ་དགོས་ལུགས་བསྒྲགས་ཏེ། བོད་མི་རིགས་ཀྱི་ངོ་བོ་དང་། དེ་མཚོན་བྱེད་ཀྱི་ཆོས་རིག་དང་སྐད་ཡིག་རྩ་མེད་གཏོང་བའི་སྲིད་ཇུས་ཚ་ཚ་འུར་འུར་སྤེལ་བཞིན་པའི་སྐོར་བཀའ་ཤག་གི་གཏམ་བཤད་སྔ་རྗེས་སུ་རོབ་ཙམ་ཞུས་ཟིན་པ་ལྟར་དང་། ཉེ་ལམ་ནས་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་གཞི་རྩའི་ལྟ་གྲུབ་ལ་འགྲེལ་ལོག་གམ་ལྟོས་མེད་ཀྱི་སྒོ་ནས་འགལ་ཟླའི་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་འདྲ་མིན་ཞིག་གཏན་འབེབས་འགྲེམས་སྒྲོགས་བྱེད་བཞིན་འདུག་པས། ཐེངས་འདིར་རྒྱ་གཞུང་གིས་ཁྲིམས་ཡིག་བསྐྱར་བཅོས་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་སྲིད་ཇུས་ཁག་སྙིང་བསྡུས་སུ་བརྗོད་འདོད་བྱུང་།
གཅིག བོད་ཀྱི་སྐད་ཡིག་ཉམས་དམས།
རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་། རང་སྐྱོང་སྡེ་ཚན་ཁག་ནས་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་བཟོ་ཆོག་པའི་ཆ་རྐྱེན་བསྐྲུན་ཡོད་པ་ལྟར། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་ཞིང་ཆེན་ནང་ཟླ་བསྒྲིལ་བྱས་ཏེ་བོད་རིགས་རང་སྐྱོང་གི་མིང་བཏགས་པའི་ཁུལ་བཅུ་དང་། རྫོང་གཉིས་བཅས་ནས་བརྒྱ་ཕྲག་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ས་གནས་སོ་སོའི་རང་སྐྱོང་སྲོལ་ཡིག་ཁྱབ་བསྒྲགས་བྱེད་ཐུབ་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཟེར་བས་ད་ལྟའི་བར་དུ་རང་སྐྱོང་སྲོལ་ཡིག་བཟོས་མི་འདུག
རང་སྐྱོང་གི་མིང་བཏགས་པའི་སྡེ་ཚན་དེ་དག་ལ་ཁྲིམས་བཟོའི་དབང་ཚད་རྒྱ་ནག་གི་ཞིང་ཆེན་དཀྱུས་མ་ལས་ཀྱང་ཆུང་བ་སྤྲད་ཡོད་ནའང་། ཁུལ་དང་རྫོང་གི་སྲོལ་ཡིག་དེ་དག་ནང་། རང་སྐྱོང་ལས་ཁུངས་ཀྱི་འགོ་ཁྲིད་ཁག་བོད་རིགས་ཡིན་དགོས་པ་དང་། གཞུང་འབྲེལ་སྐད་ཡིག་བོད་རྒྱ་གཉིས་ཡིན་པས། རྒྱལ་ཁབ་ལས་ཁུངས་ཁག་གི་ལས་དོན་ལག་བསྟར་བྱེད་སྐབས་དང་། ལས་བྱེད་འཚང་རྒྱུགས་སྐབས་སུ་སྐད་ཡིག་གཉིས་བཀོལ་སྤྱོད་དགོས་པ། སློབ་ཆུང་དང་སློབ་འབྲིང་ནང་སློབ་ཁྲིད་སྐད་ཡིག་གཙོ་བོ་བོད་ཀྱི་སྐད་ཡིག་ཡིན་དགོས་པ་དང་། ལས་རིགས་སློབ་གྲྭ་དང་། མཐོ་སློབ་ཁག་ཏུ་བོད་ཡིག་ཆེད་སྦྱོང་དང་། བོད་སྐད་ཀྱིས་སློབ་ཁྲིད་བྱེད་པའི་ཆེད་ལས་སློབ་ཚན་བཀོད་སྒྲིག་ཆོག་པ། རང་སྐྱོང་ལས་ཁུངས་ཁག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་པ་སོགས་ཀྱི་ནང་དོན་འཁོད་འདུག་པ་དང་། དེ་བཞིན་དུ་ལོ་རབས་དགུ་བཅུའི་ནང་རང་སྐྱོང་སྡེ་ཚན་དེ་དག་གིས་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ཁྱབ་བསྒྲགས་བྱས་པའི་རྗེས་འབྲེལ་དུ་རྫོང་ཁག་ཕལ་ཆེ་བར་བོད་སྐད་ཡིག་བྱ་བའི་ལས་ཁུངས་བཙུགས་ཏེ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ལས་དོན་སྒྲུབ་པའི་འགན་དབང་བསྐུར་འདུག་ལ། ཞིང་ཆེན་སོ་སོའམ། ཞིང་ལྗོངས་མཉམ་འབྲེལ་གྱི་སློབ་དེབ་རྩོམ་སྒྲིག་ཁང་ཆེད་བཙུགས་བྱས་འདུག
དེ་བཞིན་དུ། ༡༩༨༧ ལོར་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བཀོལ་སྤྱོད། ཡར་རྒྱས་གཏོང་བའི་བྱེད་ཐབས་འགའ་(ཚོད་ལྟ་)ཞེས་པ་ཁྱབ་བསྒྲགས་བྱས་པའི་ནང་། སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྐད་ཡིག་བོད་སྐད་སྨོས་མེད་ཐོག །གོང་རིམ་ལས་ཁུངས་ནས་གཤམ་དུ་སྤེལ་བའི་གཞུང་འབྲེལ་ཡིག་ཆ་བོད་ཡིག་མིན་ཚེ་གཤམ་འོག་ལས་ཁུངས་ཀྱིས་རྩིས་ལེན་བྱེད་མི་དགོས་པ་དང། གཞི་རིམ་ནས་གོང་རིམ་ལ་འབུལ་རྒྱུའི་ཡིག་རིགས་རྣམས་བོད་ཡིག་རྐྱང་པ་བཏང་ན་འགྲིག་སྐོར་སོགས་བཀོད་འདུག །ཡིན་ནའང་། ཡིག་ཆ་དེར་ ༢༠༠༢ ལོ་དང་ ༢༠༡༩ ལོ་སོ་སོར་བསྐྱར་བཅོས་བཏང་སྟེ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཡིག་ཆ་རྙིང་པའི་ཞིབ་ཆའི་ནང་དོན་རྣམས་ཕྱིར་བསྡུ་བྱས་པ་དང་མཉམ་དུ། འོས་འགན་སློབ་གསོའི་དུས་རིམ་ནང་། བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གཉིས་གཞི་རྩའི་སློབ་ཁྲིད་སྐད་ཡིག་ཏུ་བཟུང་སྟེ། བོད་སྐད་ཡིག་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་”ཞེས་བོད་སྐད་ཀྱི་སློབ་ཁྲིད་སྐད་ཡིག་གི་གོ་གནས་གདམ་གའི་ཚུལ་དུ་བཞག་འདུག
རྒྱ་ནག་གི་རྩ་ཁྲིམས་ཀྱི་ཚིག་བརྗོད་དང་གཅིག་མཚུངས་སུ་སྤྱི་སྤྱོད་སྐད་ཡིག་གི་བཅའ་ཁྲིམས་ནང་དུའང། “མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་”ཅེས་དང་། སློབ་གསོའི་བཅའ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས། དེ་བཞིན་འོས་འགན་སློབ་གསོའི་བཅའ་ཁྲིམས་ནང། གྲངས་ཉུང་མི་རིགས་ཀྱི་སློབ་མ་མང་བའི་སློབ་གྲྭ་ཁག་ཏུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་ཆོག་”ཅེས་བཀོད་ཡོད་ནའང་། ཕྱིས་སུ་འོས་འགན་སློབ་གསོའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་ཆོག་པའི་ནང་དོན་ཕྱིར་བསྡུ་བྱས་འདུག་པས། རང་སྐྱོང་ལྗོངས་དང་། ཁུལ། རྫོང་བཅས་པའི་དེའི་ཐད་ཀྱི་སྲོལ་ཡིག་དང་ལག་བསྟར་བྱེད་ཐབས་སོགས་སུ་སློབ་ཁྲིད་སྐད་ཡིག་བོད་སྐད་ཡིན་པའི་ནང་དོན་རྣམས་ཚིག་བརྗོད་ཅི་རིགས་ཀྱི་སྒོ་ནས་བཟོ་བཅོས་སམ་ཕྱིར་བསྡུ་བྱས་འདུག་ཅིང་། ཉེ་ཆར་བསྐྱར་བཅོས་བཏང་བའི་རང་སྐྱོང་སྲོལ་ཡིག་དང་། བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ཁག་ཏུ་དེ་མཚུངས་ཀྱི་བསྒྱུར་བཅོས་བཏང་འདུག་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ཕྱི་ལོ་ ༢༠༢༡ ཅན་དང་། བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ཕྱི་ལོ་ ༢༠༢༣ ཅན་ལྟ་བུ་ནས་མཐོང་ཐུབ།
བོད་ཀྱི་སྐད་ཡིག་སློབ་གཉེར་དང་བཀོལ་སྤྱོད་སྐོར་རྒྱ་ནག་དབུས་གཞུང་གི་དེ་འབྲེལ་གྱི་བཅའ་ཁྲིམས་ཁག་གི་ཚིག་དོན་རྣམས་ཕན་ཚུན་ནང་འགལ་ཡིན་པ་ལ་བརྟེན་ནས། རང་སྐྱོང་ལྗོངས་དང་ཁུལ། རྫོང་ཕན་ཚུན་དབར་རམ། ཐ་ན་དེ་དག་ནང་ཁུལ་གྱི་སྲོལ་ཡིག་ཁག་གི་བརྗོད་དོན་རྣམས་ཀྱང་ནང་འགལ་དུ་གནས་ཡོད་ལ། རྒྱ་ནག་གཞུང་དེ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན་མིན་ལ་མ་ལྟོས་པར། རྒྱ་ནག་གི་རྩ་ཁྲིམས་ཀྱི་རྩ་དོན་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་འགན་ལེན་ལ་ལྟོས་མེད་དམ་རྒྱབ་འགལ་གྱིས་བཟོས་པའི་ཁྲིམས་ཡིག་དེ་རིགས་ནི་ད་ཆ་བོད་ཀྱི་སྐད་ཡིག་ལ་གཏོར་རྒོལ་བྱེད་པའི་ལག་ཆ་གཙོ་བོ་ཆགས་ཡོད།
རྒྱ་གཞུང་གིས་བོད་པའི་སློབ་ཕྲུག་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་སློབ་ཁྲིད་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ་དང། སྔོན་འགྲོའི་སློབ་གྲྭ་འབོར་ཆེན་བཙུགས་པ་དེ་དག་ཏུའང་རྒྱ་སྐད་ཁྱབ་གདལ་གཏོང་དགོས་ལུགས་ཁྲིམས་ཐོག་ནས་ཆ་རྐྱེན་བསྐྲུན་འདུག་པ་དེས། བོད་ཕྲུག་ཚོར་སོ་སོའི་ཕ་སྐད་ཀྱི་སྤྱོད་རྒྱ་བཀག་སྡོམ་བྱས་པ་མ་ཟད། ལྟ་སྤྱོད་དང་། དད་མོས། བསམ་བློ་གཏོང་སྟངས་བཅས་པ་རིག་གཞུང་ཨ་མ་ལས་རྒྱང་ཐག་རིང་པོར་དེད་དེ། བོད་ནང་བཙན་ཤེད་ཀྱིས་མི་རིགས་འདྲེས་བསྲེས་གཏོང་བའི་གནོད་འཚེ་ཕོག་མཁན་གྱི་མི་རབས་ཤིག་ཐོན་ཡོང་གི་ཡོད་ཅིང་། དེའི་སྐོར་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་ནས་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱས་པའི་བོད་ནང་བོད་ཕྲུག་རྣམས་བཙན་ཁྲིད་ཀྱིས་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་བརྒྱུད་མི་རིགས་བཙན་བསྒྱུར་བྱེད་བཞིན་པ་ཞེས་པའི་གྲོས་ཆོད་དུའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་སྙན་ཐོ་ལུང་དྲངས་ཏེ། སྐྱོན་བརྗོད་ཤུགས་ཆེ་དང་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད།
གཉིས། བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ།
ཕྱི་ལོ་ ༢༠༡༧ ལོར། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོས་ལུགས་དོན་གྱི་སྲོལ་ཡིག་ཟེར་བ་ཁྱབ་བསྒྲགས་བྱས་ཏེ། ཆོས་ལུགས་སྡེ་ཁག་དང་། ཆོས་ལུགས་སློབ་གཉེར་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་བྱེད་མི་སྣ། ཆོས་ལུགས་བྱེད་སྒོ། ཆོས་ལུགས་ཀྱི་རྒྱུ་ནོར་བཅས་རིམ་ཁག་གི་སྲིད་གཞུང་གིས་འཛིན་སྐྱོང་སྟངས་འཛིན་བྱེད་ཕྱོགས་གཏན་འབེབས་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་དབུས་ཆོས་ལུགས་ལས་ཁུངས་དང་། ནོར་སྲིད་ལས་ཁུངས་མཉམ་སྦྲགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ནོར་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ནང་། དགོན་སྡེ་ཁག་གི་འཁོར་རྒྱུགས་མ་དངུལ་དང། མཁར་དབང་། མངོན་མེད་མ་དངུལ། རིག་དངོས་དང་རིག་གནས་ཀྱི་མ་དངུལ་ཡོངས་རྫོགས་རྒྱལ་ཁབ་ལ་བདག་པ་དང་། ལོ་ལྟར་མ་དངུལ་གཏོང་ཡོང་གནས་ཚུལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་སྙན་འབུལ་དང་། ཁྲལ་འབུལ་དགོས་ལུགས་སོགས་བཀོད་འདུག་ཅིང་། ཕྱི་ལོ་ ༢༠༢༣ ལོར་དབུས་ཆོས་ལུགས་ལས་ཁུངས་ནས་ཁྱབ་བསྒྲགས་བྱས་པའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བའི་ནང་། དགོན་པའི་འཛིན་སྐྱོང་སྒྲིག་འཛུགས་ཁོངས་གྲྭ་བཙུན་མ་ཡིན་པའི་མང་ཚོགས་ཀྱི་སྐུ་ཚབ་དང་། འབྲེལ་ཡོད་མི་སྣ་གཞན་བཅས་དགོས་ཁར། དགོན་པའི་འཛིན་སྐྱོང་ལ་ལྟ་བཤེར་བྱེད་པོ་ཚོགས་ཆུང་རེ་དགོས་པ་དེའི་མི་འགྲོར་མང་ཚོགས་ཀྱི་སྐུ་ཚབ་དང། དེབ་སྐྱེལ་བྱ་ཡུལ་ལས་ཁུངས་ནས་ཀྱང་འདེམས་གཏོང་དགོས་ལུགས་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་བཟོ་བཀོད་དང་། རྐོས་བརྙན། རི་མོ། རྒྱན་ཆ་སོགས་ཀྱི་ཐད་རྒྱ་ནག་གི་རིག་གཞུང་འདྲེས་བསྲེས་དང་། རྒྱ་ནག་གི་ཁྱད་ཆོས་མངོན་ཐབས་བྱེད་དགོས་ཞེས་སོགས་བཀོད་འདུག
ཕྱི་ལོ་ ༢༠༢༡ ལོར། བོད་རང་སྐྱོང་ལྗོངས་ཀྱི་”ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་”ལག་བསྟར་བྱེད་ཐབས་ཞེས་པ་གསལ་བསྒྲགས་བྱས་པའི་ནང་། ཆོས་ལུགས་སྡེ་ཁག་གི་ལས་འགན་ཁོངས། ཆོས་ཀྱི་བསྟན་དོན་དང་ཆོས་ཁྲིམས་ལ་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་ཤིང་། ཀྲུང་ཧྭ་ཕུལ་བྱུང་རིག་གནས་དང་འཚམས་པའི་འགྲེལ་བཤད་རྒྱག་དགོས་”ཞེས་དང་། སྲོལ་རྒྱུན་གྱི་ཆོས་ཁྲིམས་དང་འདུལ་ཁྲིམས་ཚད་ལྡན་དང་། ལེགས་བཅོས་གཏོང་དགོས་”ལུགས་བཀོད་འདུག་པ་དང་། ཆོས་ལུགས་སློབ་སྡེ་ཁག་གི་སློབ་ཚན་ཁོངས་སུ། ཆབ་སྲིད་དང་། ཁྲིམས་ལུགས། རྒྱ་ཡིག །རྒྱ་ནག་གི་ལོ་རྒྱུས། བོད་དང་མེས་རྒྱལ་གྱི་འབྲེལ་ལམ་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས། དེང་རབས་ཚན་རིག་ཤེས་བྱ་སོགས་ཀྱི་སློབ་ཚན་དང་སློབ་ཐུན་བསྡུར་ཚད་བརྒྱ་ཆ་ ༣༠ ལས་དམའ་མི་ཆོག་”ཅེས་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་བྱ་རིམ་རྣམས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་བྱེད་དགོས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་རྒྱལ་ཁབ་ཕྱི་ལོགས་ཀྱི་སྒྲིག་འཛུགས་དང་སྒེར་པས་ཐེ་གཏོགས་དང་ཁ་ལོ་སྒྱུར་མི་ཆོག་”ཚུལ་དང་། རྫོང་དང་། གྲོང་བརྡལ། གྲོང་སྡེ་བར་གྱི་གཞི་རིམ་ཆོས་ལུགས་ལས་དོན་ལྟ་བཤེར་གྱི་ཚན་པ་བཙུགས་ཏེ་ལས་འགན་ཆ་བགོས་བྱས་འདུག་པ་མ་ཟད། གྲོང་སྡེ་ཨུ་ཡོན་ལྷན་ཁང་སོ་སོས་ཆོས་ལུགས་ལས་དོན་གྱི་འབྲེལ་མཐུད་པ་དང་། གནས་ཚུལ་མཁོ་གཏོང་བ་བསྐོ་འཛུགས་ཀྱིས་སོ་ལྟ་བྱ་རའི་འགན་བསྐུར་དགོས་ལུགས་བཀོད་འདུག
ཕྱི་ལོ་ ༢༠༢༣ ལོར་བསྐྱར་བཅོས་བཏང་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ནང་དུའང་ཕལ་ཆེ་བ་གོང་གསལ་དང་འདྲ་མཚུངས་ཐོག །གྲྭ་བཙུན་རྣམས་འཛིན་སྐྱོང་ས་ཁོངས་བརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་བར་སྐྱོད་སྐབས། གནས་ཡུལ་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་དང་། རྫོང་གི་ནང་བསྟན་མཐུན་ཚོགས་ནས་མོས་མཐུན་ཐོབ་རྗེས། ཐོན་ཡུལ་དང་འབྱོར་ཡུལ་གཉིས་ཀའི་ནང་བསྟན་མཐུན་ཚོགས་ནས་ས་གནས་སོ་སོའི་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་སྙན་གསན་ཞུ་དགོས་ལུགས་དང་། དགོན་པ་སོ་སོས་ཆོས་ལུགས་བྱེད་སྒོ་སྤེལ་སྐབས། ལོ་རེའི་ལོ་མཇུག་གོང་རྗེས་ལོའི་ཆོས་ལུགས་བྱེད་སྒོའི་འཆར་གཞི་བཟོས་ཏེ། བྱེད་སྒོའི་གཞི་ཁྱོན་དང་ཐེངས་གྲངས་གཏན་འབེབས་ཀྱིས་ས་གནས་ཆོས་ལུགས་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་པ་དང། དགོན་པའི་ངོས་ནས་འཆར་གཞི་དང་མ་མཐུན་པར་བསྒྱུར་བཅོས་བཏང་མི་ཆོག་ཅེས་སོགས་བཀོད་འདུག
མདོར་ན། སྲོལ་ཡིག་འདི་དག་ལྟར་ན། བོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་དང་། ངོས་ལེན། འོས་ཆོས་དང། སློབ་ཚན། རྒྱུགས་གཞི། རྒྱུགས་སྤྲོད། དགོན་པའི་མཁར་དབང་དང་། དངུལ་དངོས་བྱུང་སོང་། འཛིན་སྐྱོང་བཅས་པ་རྒྱ་གཞུང་གི་ཐད་ཀའི་སྟངས་འཛིན་བཀོད་བྱུས་འོག་གནས་དགོས་པ་མ་ཟད། ཡང་སྲིད་ངོས་འཛིན་གྱི་དབང་ཆ་གུང་ཁྲན་ཏང་གིས་སྒེར་གཅོད་དང་། གྲྭ་བཙུན་ལ་འགྲོ་འོང་གི་རང་དབང་ཉག་ཕྲ་བའི་ཁར། གྲོང་སྡེ་རིམ་པའི་བར་ནང་ཆོས་ཀྱི་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་བྱེད་མཁན་ཆེད་དོན་མི་སྣ་བསྐོ་འཛུགས་སོགས་རྒྱ་ནག་དབུས་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཆོས་ལུགས་དམ་བསྒྲགས་དང་འབྲེལ་བའི་སྲོལ་ཡིག་ཁག་གི་ནང་དོན་ལའང་རྒྱ་བསྐྱེད་སྤར་སྣོན་ཚད་བརྒལ་བྱས་འདུག
ལོ་ངོ་སུམ་ཅུ་མ་ཟིན་ཙམ་གྱི་རིང་བོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ལག་བསྟར་བྱས་ཏེ། གྲྭ་བཙུན་དང་། དགེ་སློབ། རྩོམ་པ་པོོ། མང་ཚོགས་དཀྱུས་མ་མི་ཉུང་བ་ཞིག་ལ་གཅར་རྡུང་དང་། བཀག་བསྐྱིལ། བཙོན་འཇུག་ཁྲིམས་ཆད་སོགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད་ལ། འདི་ལོ་ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱ་ནག་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུའི་”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅའ་ཁྲིམས་”ཟེར་བ་དེར་འགལ་མཁན་ལ་ཆད་གཅོད་དང་། ལས་བྱེད་པར་འགན་འཁྲི་ལེ་འདེད་ཀྱི་ཆ་རྐྱེན་བསྐྲུན་ཡོད་པར་མི་མང་པོས་ཞེད་སྣང་བྱེད་ཀྱི་ཡོད་ཀྱང་། བོད་རིགས་ས་ཁུལ་ཡོངས་ལ་དེའི་ལག་བསྟར་བྱེད་ཐབས་ཀྱི་ཡིག་ཆ་རིང་མིན་ཡོང་ངེས་ཡིན་པའི་ནང་དོན་རྣམས་ཀྱང་ཚད་ལས་བརྒལ་བའི་དམ་ནོན་ཡོང་རྒྱུ་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན།
རྒྱ་གཞུང་གིས་དབུས་གཙང་ཁུལ་དུ་སྐྱེ་ཁམས་ལ་བསྙད་དེ་གཞིས་སྤོ་དང་། མདོ་སྟོད་སྨད་ཁུལ་གྱི་རྨ་འབྲི་རྫ་གསུམ་དང་དེ་དག་གི་ཆུ་ལག་རྒྱུགས་ཡུལ་དུ་ཆུ་བེད་འཛུགས་སྐྲུན་གྱི་མིང་ཐོག་བོད་མི་ཁྱོན་ཆེ་གཞིས་སྤོ་བྱེད་དུ་བཅུག་དང་འཇུག་བཞིན་པའི་སྐོར་སྔ་ལོའི་བཀའ་ཤག་གི་གསུམ་བཅུ་དུས་དྲན་གྱི་གཏམ་བཤད་ནང་བསྡུས་ཙམ་བཀོད་ཟིན་པ་ལྟར། ལོ་ཤས་གོང་ནས་འབྲི་ཆུ་འབབ་རྒྱུད་དུ་ཆུ་མཛོད་ ༡༣ གསར་རྒྱག་བྱེད་བཞིན་པའི་ཁོངས་ཉེ་ལམ་སྐམ་ཐོག་ཆུ་གློག་ས་ཚིགས་ཀྱི་ལས་གཞི་ཆེད་ཡུལ་དགོན་ཁག་ཅིག་གཞིས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་བར། ཕྱི་ཟླ་ ༢ ཚེས་ ༡༤ ཉིན་འབྲི་ཆུ་འབབ་རྒྱུད་ཀྱི་སྡེ་དགེ་དབོན་པོ་སྟོད་ཕྱོགས་ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་གི་ལས་ཁུངས་མདུན་སྐོར་སྲུང་མི་སྣས་མཐའ་བསྐོར་བའི་སར་ཞུ་འབོད་བྱེད་བཞིན་པའི་བརྙན་ཐུང་དང་། ཕྱི་ཚེས་ ༢༠ ཉིན་སེར་སྐྱ་མང་ཚོགས་ཁག་ཅིག་གིས་དེར་འབྱོར་རྒྱ་གཞུང་གི་ལས་བྱེད་པའི་མདུན་པུས་མོ་ས་ལ་བཙུགས་ཏེ་ངུ་འབོད་བྱེད་བཞིན་པའི་བརྙན་ཐུང་ཕྱིར་བསྒྲགས་བྱུང་བ་དང་། བོད་མི་མང་པོ་ཞིག་འཇུ་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང་བ་ནས་བོད་མིའི་སྡུག་བསྔལ་གྱི་ཟུར་ཙམ་མཐོང་ཐུབ་ཅིང་། ས་ཡོམ་གྱི་གནོད་འཚེ་རྒོད་པའི་ས་གཤིས་ཀྱི་ཉེན་ཁ་དང་། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་ཁག་གི་རིག་དངོས་སྒྱུ་རྩལ་གྱི་རིན་ཐང་། གནས་འཛིན་ས་གནས་བོད་མི་སྟོང་ཕྲག་དུ་མའི་བདེ་སྡུག་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཕངས་མེད་ཀྱི་སྒོ་ནས་དཔལ་འབྱོར་ཁེ་ཕན་ཁོ་ནར་རྔམས་པའི་འཛུགས་སྐྲུན་དང་བྱེད་སྟངས་དེ་རིགས་ནི་མིག་རྒྱང་ཐུང་བའི་བྱ་སྤྱོད་ལས་མ་འདས་ཤིང། མ་འོངས་པར་འབྲི་ཆུ་སྨད་རྒྱུད་ཀྱི་རྒྱ་ནག་ལའང་གནོད་འཚེ་ཚབས་ཆེ་མི་འབྱུང་བའི་ཁག་ཐེག་སུས་ཀྱང་བྱེད་མི་ཕོད།
ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་སྐབས། རྒྱ་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་མིན་ལ་མ་ལྟོས་པར། ཚོགས་མི་རྒྱལ་ཁབ་ཉེར་གཅིག་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནས་སྟངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཟེར་བའི་སྲིད་ཇུས་ལ་སེམས་འཚབ་གསལ་པོར་བསྟན་ཡོད་ཅིང། དེ་ཡང་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་ལས་ཐེངས་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ལྡབ་གཅིག་ལྷག་འཕར་ཆ་བྱུང་ཡོད།
གསུམ། གཞེན་སྐུལ་དང་རེ་སྨོན།
རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་འགན་ལེན་བྱས་པའི་རང་སྐྱོང་སྡེ་ཚན་ཁག་ཏུ་བོད་ཀྱི་སྐད་ཡིག་གི་གཞུང་འབྲེལ་གོ་གནས་ལག་བསྟར་བྱས་ཏེ། བོད་རིགས་རང་སྐྱོང་གི་ལས་ཁུངས་ཁག་ཏུ་བོད་ཡིག་བཀོལ་སྤྱོད་དང། མཐོ་སློབ་དང་། ལས་རིགས་ཆེད་ལས་སློབ་གྲྭར་བོད་ཡིག་སློབ་ཚན་དང་སློབ་ཁྲིད་བསྐྱར་གསོ། མཐོ་སློབ་ཀྱི་རྒྱུགས་གཞི་དང་། རང་སྐྱོང་སྡེ་ཁག་གི་ལས་བྱེད་འཚང་རྒྱུགས་སྐབས་སུ་བོད་ཡིག་གི་རྒྱུགས་ཞིབ། གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་སྐད་ཡིག་བོད་སྐད་སླར་གསོ་བྱ་རྒྱུ་བཅས་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་གྱི་གཞི་རིམ་བརྗོད་དོན་ཡིན་པ་མ་ཟད། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་གཙོ་བོ་ཞིག་ཡིན་པ་རྒྱ་གཞུང་གིས་ངོས་འཛིན་མ་ནོར་བ་བྱེད་ཐུབ་དགོས།
བོད་རྒྱའི་མཛའ་འབྲེལ་གྱི་ལོ་རྒྱུས་སྤྱི་དང་། ཡང་སྒོས་སུ་ཆེན་པོ་ཧོར་གྱི་ཡོན་རྒྱལ་རབས་ནས་གུང་ཁྲན་ཏང་གི་སྲིད་དབང་ལ་ཐུག་པའི་བར། བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་མང་པོས་རྒྱ་ནག་དབང་སྒྱུར་བྱེད་མཁན་རིམ་བྱོན་དབར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ། རྒྱལ་འབངས་ཡོངས་ལ་ཆོས་སྦྱིན་ཕངས་མེད་དུ་བསྩལ་བའི་དགེ་ཕན་རླབས་ཆེན་བྱུང་ཡོད་པ་བཞིན། ད་ཆ་རྒྱ་ནག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་ཆག་ཏུ་ཕྱིན་པའི་གནས་སྐབས་འདིར་ཡང་། བོད་བརྒྱུད་ནང་བསྟན་གྱིས་རྒྱ་ནག་གི་སྲིད་གཞུང་དང་། རྒྱ་རིགས་མང་ཚོགས་ལ་ཕན་ཐོགས་བསྐྲུན་ཐུབ་ངེས་ཀྱི་ཡོན་ཏན་ལ་ལྡོག་ཕྱོགས་ཀྱི་ངོས་འཛིན་དང་། གཏོར་བཅོམ་གནོན་བཙིར་ཁོ་ནའི་བྱེད་ཐབས་ལག་ཏུ་འཛིན་པ་ནི་བོད་རྒྱ་མི་རིགས་གཉིས་ཀར་མཚོན་ན་རང་གཞན་གཉིས་ཕུང་གི་སྐྱོ་གར་ཞིག་ཡིན།
རྒྱ་གཞུང་གིས་ནང་པའི་བཀའ་བསྟན་རྣམས་དམར་པོའི་ལྟ་གྲུབ་དང་། ཀྲུང་ཧྭ་ཕུལ་བྱུང་རིག་གནས་དང་འཚམས་པའི་འགྲེལ་བཤད་རྒྱག་གི་ཡིན་ཟེར་བའི་སྲིད་ཇུས་བྱེད་ཐབས་དེ་རིགས་ཀྱིས་ནང་པའི་ལྟ་གྲུབ་དང་། ནང་པའི་ཚན་རིག་ལ་ཐུག་རེག་ཐུབ་དོགས་མེད་ནའང། བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་གྱི་ཉམས་ལེན་སྲོག་སྙིང་དུ་གྲུབ་པའི་ནང་པའི་རིག་གཞུང་འདི་དྲག་པོའི་གསར་བརྗེ་དང་འཐབ་རྩོད། རང་དོན་གཙིགས་འཛིན་བྱེད་པའི་དམར་པོའི་སྲིད་དབང་གིས་སོ་སོའི་ཁ་གཏད་དུ་བསླངས་པ་དེས། གཞིས་བཞུགས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་དང་འཁོན་སྡང་བཙན་གནོན་གྱི་ཉེན་ཚབས་གནས་སྐབས་ཀུན་ཏུ་ལྷག་ཡོད་པའི་དངོས་དོན་ནི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་ཨ་རིའི་རང་དབང་ཁང་པས་བོད་ནང་ཆབ་སྲིད་ཀྱི་ཐོབ་ཐང་དང་། སྤྱི་མང་གི་རང་དབང་གི་ཨང་ཐོབ་ཀླད་ཀོར་ཆགས་པའི་སྙན་ཐོ་འདོན་འགྲེམས་བྱས་པ་ནས་ར་འཕྲོད་ཐུབ།
ང་ཚོས་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་དང་། བོད་རིགས་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཚོར་རེ་འདུན་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་དང་། དེའི་འཇུག་ངོགས་ནས་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བའི་ཆོད་སེམས་བརྟན་པོ་ཡོད་ན། རྒྱ་གཞུང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་བའི་ནོར་འཁྲུལ་སྲིད་ཇུས་དེ་དག་འཕྲལ་དུ་མཚམས་འཇོག་དང་། ཡོ་བསྲང་ཡོང་ཐབས་བསམ་ཞིབ་དགོས་པའི་དུས་ལ་བབས་ཡོད་པ་དང་། གདུག་རྩུབ་སྲིད་ཇུས་དེས་བོད་རྒྱ་མི་རིགས་དབར་གསོ་ཐབས་མེད་པའི་འགལ་ཟླའི་རྨ་ཁ་བཟོ་ཉེན་གྱི་མཇུག་འབྲས་ལ་ཚོད་དཔག་མ་ནོར་བ་དགོས་གལ་ནན་ཏན་དུ་ཞུ་བཞིན་ཡོད།
རྣམ་དཔྱོད་ལྡན་པའི་འབྲེལ་ཐོགས་གཞིས་བཞུགས་བོད་རིགས་རྣམས་ནས་ཀྱང་། རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་འགན་ལེན་བྱས་པའི་བོད་མི་རིགས་ཀྱི་ཐོབ་ཐང་ཁག་དོན་འཁྱོལ་ཡོང་སླད། རྒྱ་ནག་གི་ཁྲིམས་སྲོལ་དང་མཐུན་པའི་ཐོག་ནས་རང་ཉིད་གནས་ཡུལ་ས་གནས་སྲིད་གཞུང་གི་ནོར་འཁྲུལ་དང་། ཐལ་ཚབས་ཆེ་བའི་སྲིད་ཇུས་བྱེད་སྟངས་ཁག་ལ་ཡོ་བསྲང་ལེགས་བཅོས་ཀྱི་བསམ་ཚུལ་དུས་ཐོག་ཏུ་འདོན་གལ་གྱི་གཞེན་སྐུལ་ཞུ་འདོད་བྱུང་།
བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་ལོ་གསར་ཚེས་ ༦ སྟེ། ཕྱི་ ་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཉིན། ཨ་རིའི་གྲོས་ཚོགས་འོག་མ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་ཐུབ་ཡོད་པས། བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་རྣམ་དཔྱོད་དང་། ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་དང་། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། བཀའ་ཤག་སྐབས་ ༡༦ པས་བོད་ཀྱི་ལོ་རྒྱུས་གནས་བབ་ངོས་འཛིན་ཐོག་འབད་བརྩོན་ཞུ་བཞིན་པའི་ཐབས་ཇུས་དང་མཐུན་པའི་ཁྲིམས་ཡིག་འདི་གྲོས་ཚོགས་གོང་མ་ནས་གང་མྱུར་གཏན་འབེབས་ཡོང་རྒྱུའི་རེ་སྨོན་བྱེད་ཀྱི་ཡོད། ལོ་རྒྱུས་རང་བཞིན་ལྡན་པའི་གོམ་སྟབས་འདིས། རང་དབང་མང་གཙོའི་ཡུལ་ལུང་མང་པོར་བློ་སྒོ་འབྱེད་ངེས་ཡིན་ཞིང་། བོད་མི་རིགས་རྒྱུན་མཐུད་གསོན་པོར་གནས་རྒྱུའི་སེམས་ཤུགས་ལ་གཟེར་ཁ་ནོན་མོ་ཞིག་ཐེབས་ངེས་ཡིན་ན། བཀའ་ཤག་གིས་རྒྱལ་ཁབ་གཞན་ལའང་དེ་ལུགས་ཀྱི་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་ ༡༦ པའི་ངོས་ནས་བོད་དོན་བདེན་མཐའ་གསལ་སླད། གཞིས་བཞུགས་སྤུན་ཟླའི་རི་རབ་བཞིན་དུ་གཡོ་བ་མེད་པའི་སེམས་ཤུགས་དཔྲལ་ཐོད་དུ་བཀལ་ཅིང་། ང་ཚོར་བཅོལ་བའི་རེ་ལྟོས་བྲང་ཁོག་ཏུ་བཅུག་སྟེ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་བྱེད་སྒོ་འགན་བསྐུར་ནན་གསལ་བྱས་པའི་ཐོག་ནས། སྲིད་སྐྱོང་དང་བཀའ་བློན་རྣམ་པས་འབྲེལ་ཡོད་མང་གཙོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། གྲོས་ཚོགས། བློ་འདོན་ལྟེ་གནས། གསར་འགྱུར་བརྒྱུད་ལམ་བཅས་པར་བོད་དོན་ཞུ་གཏུག་གི་ལས་འགུལ་རང་ནུས་རྩལ་སྤྲུགས་ཀྱིས་སྤེལ་དང་སྤེལ་མུས་ཡིན་ཞིང་། ཉེ་ལམ་བྷེལ་ཇེམ་དུ་རྒྱལ་ཁབ་ ༤༠ ལྷག་ནས་ཕེབས་པའི་ཚོགས་བཅར་བ་ ༡༧༠ ཙམ་མཉམ་ཞུགས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ལམ་ལྷོང་ལྡན་པའི་སྒོ་ནས་ཚོགས་ཡོད་པ་དང་། བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ་ ༥༠༠ ལྷག་གིས་ས་གནས་ཁྱབ་ཁོངས་ ༣༢ ནང་ནུས་ལྡན་གྱི་བྱེད་སྒོ་སྤེལ་བཞིན་པ་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་རླབས་དང། བོད་སྐྱོང་ལྷ་སྲུང་གི་སྡོང་གྲོགས། གཞུང་མང་རང་གཞན་རོགས་གསུམ་གྱི་ནུས་པ་མཉམ་སྤུངས་དང་གོམ་པ་མདུན་སྤོའི་ཐབས་ཇུས་བཅས་ལ་བརྟེན་ནས། དེང་གི་ཆར་རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་ཚད་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་ཡོད་པས། འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། བོད་དོན་བདེན་མཐའ་མ་གསལ་བར་དུ་ང་ཚོ་ཐུན་མོང་གིས་མུ་མཐུད་འབད་འབུངས་ཞུམ་མེད་བསྟེན་དགོས།
སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་ནས་གཤམ་དུ་སྣེ་ཁྲིད་ཀྱིས་འཛུགས་སྐྱོང་མཛད་པའི་རང་ཅག་གི་མང་གཙོའི་སྒྲིག་འཛུགས་འདི་སྲ་བརྟན་རྒྱུན་གནས་དང་། ཚགས་ཚུད་ཡར་རྒྱས་གཏོང་རྒྱུ་ནི་རང་དབང་ལུང་པར་གནས་འཁོད་ཀྱི་བཙན་བྱོལ་བོད་མི་ཚོའི་ལས་འགན་གཡོལ་མེད་ཡིན་སྟབས། རྒྱལ་སྤྱིའི་འགྱུར་འགྲོས་དང་། རྒྱ་ནག་གི་བྱེད་བབ་དབང་གིས་རང་ཅག་ལ་གོ་སྐབས་ཇི་སྙེད་ཅིག་ཡོད་པ་དམ་འཛིན་དང་། རྒྱ་ཆེ་ས་ནས་བསམ་ཞིབ་ཀྱིས། ཁ་གཏད་ངོས་འཛིན་མ་ནོར་བ་དང། སྐབས་བབ་ཁུར་འཁྲི་དང་དུ་བླངས་པའི་སྒོ་ནས། བོད་སྤྱིའི་རྩ་དོན་དང་། སྤྱི་ཚོགས་བདེ་དོན་ཐོག་དམ་ཚིག་གཟོང་ཁ་ཆིག་སྒྲིལ་དང། ནུས་པ་མཉམ་སྤུངས་ཡོང་གལ་འབོད་སྐུལ་དང་ཆབས་ཅིག །རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་དང་། རྒྱལ་མཚམས་བརྒལ་ནས་གནོན་ཤུགས་སྤྲོད་བཞིན་པར་དོགས་ཟོན་གདོང་ལེན་གཡེལ་མེད་དགོས་པའི་གསལ་འདེབས་ཞུ་བཞིན་ཡོད།
དུས་དྲན་གྱི་མཛད་སྒོ་འདི་དང་བསྟུན། ང་ཚོར་མཐུན་འགྱུར་རོགས་རམ་གནང་མཁན་རྒྱ་གར་དང་ཨ་རིའི་གཞུང་མང་གིས་གཙོས། དྲང་བདེན་དང་རང་དབང་གཙིགས་ཆེར་འཛིན་པའི་མང་གཙོའི་ཡུལ་ལུང་ཁག་གི་གཞུང་མང་དང། བོད་དོན་རྒྱབ་སྐྱོར་བ་རྣམ་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པ་ནི་བོད་མི་རིགས་འཆི་གསོན་ལ་ཐུག་སྐབས་ཀྱི་སེམས་རྟེན་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རྒྱབ་རྟེན་ངོ་མ་དེ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་ཀྱི་བདེན་མཐའ་གསལ་ཏེ་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་མྱུར་དུ་འཆར་བའི་སྨོན་འདུན་བཅས། །
བཀའ་ཤག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ལ། །