༄༅། །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། བོད་མིའི་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཐོག་ལ་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་དང་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ལ་སླར་ཡང་ལྷན་འཛོམས་བྱུང་བར་ཚོགས་གཙོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ཚོགས་གཙོའི་ལས་རིམ་དང་འབྲེལ་བའི་གཏམ་བཤད་ནང་དུ་གནད་དོན་འགའ་ཤས་ཤིག་ཞུ་རྒྱུ་ཡོད།
དང་པོ། དེ་སྔོན་ལས་རིམ་དང་འབྲེལ་བའི་འབྱུང་རིམ་དང་། གཉིས་པ། གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་སྐྱོང་མ་ཐུབ་པའི་སྐྱོན་འཛུགས་དང་འབྲེལ་བའི་འཛིན་སྐྱོང་བཀའ་ཤག་བརྒྱུད་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་འདིར་ཕེབས་པའི་ཐོག་དང་། གསུམ་པ། དེ་རིང་གི་གྲོས་ཚོགས་ཀྱི་ནང་ལས་རིམ་གང་ཞིག་ཕེབས་ཀྱི་ཡོད་མེད་བཅས་དོན་ཚན་གསུམ་གྱི་ཐོག་ནས་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུ་རྒྱུ་ཡིན།
དང་པོ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ནས་ ༢༨ བར་ལས་བསྡོམས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་གཏན་འབེབས་གནང་བ་གཞིར་བཟུང་གིས་བཀུར་འོས་སྤྱི་འཐུས་རྣམ་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་བཅས་ང་ཚོ་ཚང་མ་ལྷན་འཛོམས་གནང་བའི་ཐོག་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་བོད་ནང་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་ཕེབས་བཞིན་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྒན་པ་གཉིས་ཀྱི་ཐོག་ནས་ཕན་ཚུན་ལས་རིམ་རྣམ་གཞག་བཏོན་རེས་ཀྱིས་དམའ་འབེབས་དང་། དེ་བཞིན་ཚིག་རྩུབ་ཀྱིས་སྐྱོན་འཛུགས་དེ་འདྲ་བྱུང་བ་རེད། དེ་འདྲའི་ཐོག་ནས་བདེ་སྲུང་བཀའ་བློན་མཆོག་གིས་བགྲོ་གླེང་གི་ཆ་ཤས་བླངས་པ། དེ་རྗེས་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པ་ཕྱི་ཚེས་ ༢༡ ཉིན་བསྐྱར་དུ་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་དུ་ཁ་སང་གི་ལས་རིམ་དང་འབྲེལ་བའི་ཐོག་གསལ་བཤད་ཞུ་དགོས་ཡོད་ཅེས་གསུངས་ནས་གོ་སྐབས་ཕུལ་བ་རེད། གོ་སྐབས་དེ་ཕུལ་བའི་རྗེས་སུ་གསོལ་ཇའི་བར་གསེང་དང་། གསོལ་ཇའི་བར་གསེང་རྗེས་སུ་ཡར་ཚོགས་དུས་བཀུར་འོས་སྤྱི་འཐུས་གཉིས་ཀྱི་ཐོག་ནས་ལས་རིམ་རྣམ་གཞག་བཏོན་ནས་སྙོན་འཛུགས་དེ་དང་འབྲེལ་བའི་ཐོག ཚོགས་ཐེངས་གཅིག་ཙམ་མ་གཏོགས་ཉིན་གང་བགྲོ་གླེང་གནང་བ་རེད། སྐབས་དེར་གང་ལ་གང་འཚམ་ཞིག་བབ་ཐུབ་ནས་ཡག་པོ་བྱུང་སོང་བསམས་སོང་། འོན་ཀྱང་ཐོག་མའི་བསམ་བློ་ནང་བཞིན་ཞིག་བྱུང་ཡོད་མ་རེད།
ལས་ཉིན་བཞི་པ་སྐྱོང་བའི་སྐབས་སུ་བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་སྙོན་འཛུགས་བྱས་པ་དེ་གཙང་མ་མ་བཟོས་བར་དུ་གྲོས་ཚོགས་ནང་ཆ་ཤས་ལེན་གྱི་མིན་ཞེས་ཚོགས་གཙོ་གཉིས་སར་ལན་དེ་གནང་བ་རེད། དེར་བརྟེན་ཚོགས་གཙོ་གཉིས་ཀྱི་ཐོག་ནས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༡ པོའི་དགོངས་དོན་ལྟར། གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོན་དུས་གྲོས་ཚོགས་མུ་མཐུད་ནས་སྐྱོང་མ་ཐུབ་པའི་གནས་སྟངས་ཆགས་པ་རེད། དེ་རྗེས་ལམ་སེང་བདེ་སྲུང་བཀའ་བློན་མཆོག་ལ་འཁྱུག་ཙམ་རིང་ཕེབས་རོགས་ཞེས་ཞུས་ནས་གནད་དོན་འདི་གང་མགྱོགས་གཙང་མ་བཟོ་རོགས་ཞེས་འབོད་བསྐུལ་ཞུས་པ་རེད། དེའི་རྗེས་སུ་བཀའ་ཤག་ལྷན་རྒྱས་ཕེབས་ནས་ཚོགས་གཙོ་གཉིས་ཀྱིས་ལམ་སྟོན་དང་འབྲེལ་བའི་ཐོག་ནས་བདེ་སྲུང་ལས་ཁུངས་དང་། འབྲེལ་ཡོད་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གང་ཡོང་མཇུག་སྐྱོང་བྱེད་ཀྱི་ཡིན། ཡིན་ནའང་། གཞན་དབང་སྟབས་བསྟུན་གྱིས་རྐྱེན་པས་དུས་ཚོད་ག་དུས་ཚར་གྱི་ཡོད་མེད་ང་ཚོས་ཞུ་ཚོད་ཐུབ་ཀྱི་མི་འདུག་ཅེས་གསུངས་བྱུང་། དེ་འབྲེལ་ཡོད་སྤྱི་འཐུས་ཚང་མས་མཁྱེན་གྱི་ཡོད་རེད། འོན་ཀྱང་དེ་ལྟ་བུའི་ཐོག་ནས་མཐར་མུ་མཐུད་གྲོས་ཚོགས་སྐྱོང་མ་ཐུབ་པའི་གནས་སྟངས་ཆགས་ནས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་བཞིན་ཚོགས་གཙོ་གཉིས་ཀྱི་ཐོག་ནས་གྲོས་ཚོགས་ཕར་འགྱངས་བྱེད་དགོས་ཐུག་པ་རེད།
དེའི་རྗེས་སུ་བདེ་སྲུང་བཀའ་བློན་མཆོག་ཆེད་དུ་གདན་འདྲེན་ཐེངས་འགའ་ཤས་ཞུས་ནས་དེའི་ཐོག་ལ་སྤྱི་འཐུས་རྒྱུན་ལས་ནང་དུ་སེམས་འཚབ་ཡོང་ཀྱི་འདུག་པས། གང་མགྱོགས་མཇུག་སྐྱོང་དགོས་ཀྱི་འདུག་ཅེས་ཞུ་སྐབས། བདེ་སྲུང་ལས་ཁུངས་ངོས་ནས་གང་ཡོང་བྱེད་བཞིན་ཡོད། གང་མགྱོགས་བྱེད་ཐུབ་པའི་འབད་བརྩོན་ཞུ་ཡི་ཡོད་ཅེས་བཀའ་གནང་སོང་། མཐར་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༨ ཉིན་བདེ་སྲུང་བཀའ་བློན་མཆོག་དང་། བདེ་སྲུང་གི་དྲུང་འཕར་ཚོགས་གཙོ་གཉིས་སར་ཕེབས་ནས་བདེ་སྲུང་ངོས་ནས་འབྲེལ་ཡོད་ལ་རྩད་ཞིབ་ཞུས་ནས་ལས་མཇུག་བསྒྲིལ་ཟིན་པ་ཡིན་ལ། དེ་ཡིག་ཐོག་བཀོད་ནས་བཀའ་ཤག་ལ་འབུལ་གྱི་ཡོད། རྗེས་སུ་ཚོགས་གཙོ་གཉིས་པོའི་སར་བདེ་སྲུང་བཀའ་བློན་བཅར་དགོས་རྒྱུ་མེད་ཅེས་བཀའ་གནང་སོང་། དེ་རྗེས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ཉིན་རྒྱབ་བདེ་སྲུང་བཀའ་བློན་མཆོག་ནས་ཚོགས་དྲུང་ལ་བདེ་སྲུང་ལས་ཁུངས་ནས་མཐའ་མའི་ལས་ཀ་མཇུག་སྒྲིལ་ཟིན་ནས་ཡིག་ཐོག་ཏུ་དེ་རིང་བཀའ་ཤག་ལ་ཕུལ་ཡོད།
བཀའ་ཤག་ལྷན་རྒྱས་འཚོགས་ནས་གོ་བསྡུར་གནང་གི་རེད་ཅེས་དེ་འདྲའི་བྱུང་རིམ་ཞིག་ཆགས་བསྡད་ཡོད། དེའི་བར་ནས་བཀའ་ཤག་གིས་ཉི་མ་འགའ་ཤས་རིང་ལན་གང་ཡང་གནང་མ་སོང་། ང་ཚོས་གྲོས་ཚོགས་མཇུག་སྐྱོང་གི་ལས་རིམ་གཏན་འབེབས་བྱེད་དགོས་པ་དང་། ལྷག་པར་སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་དེ་རྒྱུན་ལས་ནང་གོ་བསྡུར་བརྒྱུད་གཏན་འབེབས་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་གང་མགྱོགས་མགྱོགས་ཤིག་བྱུང་ན་བསམས་པའི་བསམ་བློ་འཁོར་བསྡད་ཡོད། འོན་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ཁེ་ན་ཌའི་ཕྱོགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་མཛད་འཆར་དེ་འབྱོར་བ་རེད། དེ་འབྱོར་དུས་དུས་ཚོད་མང་པོ་མེད་པར་བརྟེན་ཚོགས་དྲུང་བརྒྱུད་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་གཙོ་གཉིས་པོའི་སར་འཁྱུག་ཙམ་རིང་ཕེབས་རོགས་གནང་ཞེས་ཡར་སྙན་སེང་ཞུས་པ་བཞིན་ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་གཙོ་གཉིས་སར་ཕེབས་ནས་གནད་དོན་འདི་དང་འབྲེལ་བའི་ཐད་གོ་བསྡུར་ཞུས་པ་རེད།
སྐབས་དེར་སྲིད་སྐྱོང་མཆོག་གིས་བདེ་སྲུང་ངོས་ནས་སྙན་ཐོ་འབྱོར་བྱུང་། གྲོས་ཚོགས་དུས་ཚོད་ག་དུས་ཚོགས་ནའང་རྣམ་པ་ཚོས་དགོངས་པ་བཞེས་ན་འགྲིག་གི་འདུག སྙན་ཐོ་ཡང་གང་མགྱོགས་མགྱོགས་ཚོགས་གཙོ་གཉིས་སར་གནང་གི་ཡིན་ཞེས་བཀའ་གནང་སོང་། བཀའ་གནང་པ་ལྟར་ཕྱི་ཚེས་ ༡༥ ཉིན་བཀའ་ཤག་བརྒྱུད་ནས་སྙན་ཐོ་འདི་ཚོགས་གཙོ་གཉིས་ལ་འབྱོར་སོང་། དེ་རྗེས་ཚོགས་གཙོ་གཉིས་པོས་སྙན་ཐོ་ལ་བལྟས་ནས་སྙན་ཐོ་འདི་འཁྲུན་ཐག་ཆོད་པ་ཞིག་བྱུང་འདུག་པ་མཐོང་ནས་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་བྱ་རྒྱུའི་དུས་ཚོད་རེད། དེ་བཞིན་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་རྒྱུའི་དུས་ཚོད་གཏན་འབེབས་བྱ་རྒྱུའི་ཆེད་དུ་སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཞུས། གྲོས་ཚོགས་མཇུག་སྐྱོང་བྱ་རྒྱུའི་དུས་ཚོད་དེ་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་ལས་ཉིན་ལྔ་བསྐྱང་རྒྱུར་ང་ཚོས་གཏན་འབེབས་བྱས་ནས་འཛིན་སྐྱོང་བཀའ་ཤག་རེད། དེ་བཞིན་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་ཡིག་ཆུང་ཕུལ་ཡོད་པ་རེད། ཡིན་ནའང་། དུས་ཚོད་ཉེ་པོ་ཞིག་ལ་རིམ་པས་སྤྱི་འཐུས་བཅུ་དྲུག་གིས་དགོངས་ཞུ་གནང་བ་རེད། དེར་བརྟེན་བཅའ་ཁྲིམས་དོན་ཚན་ ༤༩ ནང་གསེས་ ༡ པོའི་དགོངས་དོན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་པས་ཚོགས་མ་ཐུབ་དུས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ཚོགས་གཙོ་གཉིས་ཀྱི་ཐོག་ནས་གྲོས་ཚོགས་ཕར་འགྱངས་བྱེད་དགོས་ཐུག་པ་རེད། གྲོས་ཚོགས་ཀྱི་མཇུག་སྐྱོང་བྱ་རྒྱུར་གྲོས་ཚོགས་ལ་འགལ་རྐྱེན་བར་ཆད་ཟེར་ནའང་རེད། གནས་སྟངས་དེ་འདྲ་འབྱུང་རིམ་མདོར་བསྡུས་ཙམ་ཞིག་ཞུ་ཡི་ཡོད།
གཉིས་པ་དེ། བདེ་སྲུང་ལས་ཁུངས་ནས་འབྲེལ་ཡོད་བརྒྱུད་བརྩད་ཞིབ་མཐིལ་ཕྱིན་ཞུས་པའི་གྲུབ་དོན་སྙན་ཐོ་དེ་སྙན་སྒྲོན་ཞུ་རྒྱུ་དང་། དེ་དང་འབྲེལ་བའི་ཐོག་ནས་ཐག་གཅོད་ཞུ་རྒྱུ་ཡིན། བདེ་སྲུང་ལས་ཁུངས་བརྒྱུད་ནས་བཀའ་ཤག་ལ་ཕུལ་བ་དེ་བཀའ་ཤག་གི་ཐོག་ནས་ཁ་ཤོག་ཅིག་དང་བདེ་སྲུང་ལས་ཁུངས་ཀྱི་སྙན་ཐོ་དེ་ཟུར་སྦྱར་ཞུས་ཡོད་པ་རེད། བཀའ་ཤག་གི་ཁ་ཤོག་ནང་
ནང་གནས།
༄༅། །དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་ལ།
ཆེད་ཞུ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་གྲོས་ཚོགས་ནང་། བཀུར་འོས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་དང་འབྲེལ་བའི་གླེང་སློང་བྱུང་སྐབས། བདེ་སྲུང་བཀའ་བློན་དང་སྲིད་སྐྱོང་གིས་གྲོས་ཚོགས་སུ་སྙན་གསན་རིམ་ཞུས་ཐོག །སྲིད་སྐྱོང་གིས་གྲོས་ཚོགས་སུ། བདེ་སྲུང་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་རྩད་ཞིབ་བྱེད་དགོས་ཡ་དེ་བྱེད་ཀྱི་རེད་ཅེས་གླེང་བརྗོད་ཟིན་པ་དང་། དེའི་རྗེས་ཚོགས་གཙོ་སྦྲེལ་པོ་ངོ་མཇལ་སྐབས་ཀྱང་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་གཞིར་བཟུང་འཛིན་སྐྱོང་གི་མཇུག་སྐྱོང་ཞུ་སྒོ་ཐད་བཀའ་མོལ་བྱུང་དོན་ལྟར། བདེ་སྲུང་ལས་ཁུངས་ནས་འགན་ཁུར་བླངས་ཏེ་ཁུངས་བརྩད་བྱས་པའི་རྒྱུ་ཆ་དང་སྙན་ཐོ་བཀའ་ཤག་ལྷན་རྒྱས་སུ་ཕུལ་འབྱོར་བྱུང་བར་ཞིབ་འཇུག་བཀའ་བསྡུར་གནང་མཐར། སྙན་ཐོའི་ངོ་བཤུས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་འབུལ་རྒྱུའི་ཐག་གཅོད་བྱུང་བ་ལྟར་འདི་མཉམ་ཟུར་སྦྱར་ཞུ་ཡོད་ལགས་ན། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་དགོངས་དཔྱད་མཛད་ཕྱོགས་ཡོང་བ་དགོངས་འཇགས་ཞུ། བཀའ་ཤག་ནས་ཕྱི་ལོ་ ༢༠༢༣ ཟླ ༡༡ ཚེས་ ༡༥ ལ།
ཟུར་འབུལ། གོང་གསལ།
དེ་ནས་བདེ་སྲུང་ལས་ཁུངས་ཀྱི་སྙན་ཐོ།
གསང་བ།
༄༅། །མཚུངས་མེད་བཀའ་དྲུང་མཆོག་ལ།
ཆེད་ཞུ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རྒྱ་ནག་གཞུང་ཚབ་ལས་བྱེད་ཁྲེན་ཧྲུའུ་མི་གཉིས་སི་ལི་གུ་རིར་ཐུག་འཕྲད་བྱུང་ཡོད་མེད་སྐོར་གྲོས་ཚོགས་ནང་གླེང་གློང་གིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་འདི་ལས་ནས་ཁ་གསལ་བཟོ་དགོས་པའི་ལམ་སྟོན་ཕེབས་པ་དགོངས་མངའ་ལྟར། འདི་ལས་ནས་གནས་ཚུལ་ཡོང་ཁུངས་དང་། འབྲེལ་ཡོད་ཁག་བརྒྱུད་བརྩད་ཞིབ་མཐིལ་ཕྱིན་ཞུས་འབྲས་ཀྱི་གནད་དོན་སྙན་གསན་ཞུ་རྒྱུ་ཁག་གཤམ་གསལ་ལྟར།
༡། རྒྱ་ནག་གཞུང་ཚབ་ལས་བྱེད་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ གི་ཉིན་དགུང་སི་ལི་གུ་རིར་ (Mayfair Tea Resort) ཞེས་པའི་མགྲོན་ཁང་དེར་འབྱོར་ནས་ཞགས་སྡོད་བྱས་ཡོད་འདུག
༢། གོང་ཚེས་ཀྱི་དུས་ཚོད་དེ་རང་ལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། རོགས་པ་གཅིག་བཅས་མགྲོན་ཁང་དེ་རང་ལ་ཕེབས་ཡོད་པ་རེད་འདུག
༣། མགྲོན་ཁང་དེའི་ནང་དོ་བདག་གཉིས་ཐུག་འཕྲད་བྱས་ཡོད་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་པ་བཅས་དེ་དོན་སྙན་གསན་མཛད་ཕྱོགས་ཡོང་བ་མཁྱེན་ཞུ། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ལ།
དེ་ཡིན་དུས་ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་དུས་བཀུར་འོས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་སྙོན་འཛུགས་ཀྱི་གནས་བབ་དེ་གཞི་རྩ་མེད་པ་གཙང་མ་ཆགས་ཟིན་པ་རེད། དེ་རིང་འདིའི་ཐོག་དམིགས་བསལ་བགྲོ་གླེང་གང་ཡང་དགོས་རྒྱུ་མཐོང་མ་སོང་། ཁ་ཉིན་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་གོང་དུ་ཞུས་པ་ནང་བཞིན་ཚོགས་ཐེངས་གཅིག་ཙམ་མ་གཏོགས་ཉིན་གང་བགྲོ་གླེང་གནང་བའི་གོ་སྐབས་བྱུང་བ་རེད། དེ་ཡིན་དུས་དེ་རིང་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་དང་འབྲེལ་བའི་ནང་བཀུར་འོས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་བཀུར་འོས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཉིས་དབར་ལས་རིམ་རྣམ་གཞག་འདོན་པ་དང་འབྲེལ་བའི་ཕན་ཚུན་ཚིག་རྩུབ། ཟུར་ཟ། དམའ་འབེབ། སྐྱོན་འཛུགས་བྱས་པ་ཆ་ཚང་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་ཞུ་རྒྱུ་ཡིན། དེ་ནས་བཟུང་སྟེ་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཆགས་པ་ཡིན་དུས་འདི་དང་འབྲེལ་བའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་བརྒྱུད་འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་འཁྲུན་ཐག་ཆོད་པ་གཙང་མ་བཟོ་ཐུབ་པ་དེར་དབུས་བོད་མིའི་སྒྲིག་འཛུགས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རེད། སྤྱི་འཐུས་སྒེར་རེད། རྩ་དོན་འཐབ་རྩོད་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། དེ་ཡིན་དུས་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་རེད། དེ་བཞིན་འབྲེལ་ཡོད་བདེ་སྲུང་ལས་བྱེད་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན། བཀུར་འོས་སྤྱི་འཐུས་རྣམ་པ་དང་འབྲེལ་ཡོད་མང་པོ་ཞིག་ལ་བར་སྐབས་ཤིག་ནས་སེམས་འཚབ་བྱུང་ཡོད་པ་རེད། དེ་དཀའ་ངལ་ཡང་ཚང་མར་བྱུང་ཡོད་པ་རེད། ཡིན་ནའང་། དེ་རིང་འདིར་གཙང་མ་ཆགས་པ་ཡིན་དུས་ཕན་ཚུན་འཁོན་འཛིན་རེད། དེ་བཞིན་རྣམ་རྟོག་རིགས་མ་ཟ་བའི་ཐོག་ནས་ཚང་མ་ཐུགས་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན། ལར་ནས་རང་གཞན་རོགས་གསུམ་སུ་ཡིན་ནའང་། བདེན་པ་མེད་པའི་སྐྱོན་བརྗོད་བྱ་རྒྱུ། སྙོན་འཛུགས་བྱ་རྒྱུ། དེ་འདྲ་བྱས་པ་ཡིན་ན། འཇིག་རྟེན་མི་ཆོས་རེད། དེ་བཞིན་ལས་རྒྱུ་འབྲས་རེད། དངོས་ཡོད་ཀྱི་གནས་ཚུལ་ལའང་རུང་གི་མ་རེད། དེ་ཡིན་དུས་ཚང་མས་མ་འོངས་པར་དེ་འདྲ་མ་ཡོང་བའི་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན།
ངས་གོང་དུ་ཞུས་པ་གཞིར་བཟུང་རང་སར་མི་བཞག མི་སར་རང་བཞག་ནས་བསམ་བློ་གཏོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་སྙན་ཐོ་འདི་ངོ་བཤུས་དགོས་མཁན་ཡོད་ན་འབྲེལ་ཡོད་ཚོགས་དྲུང་བརྒྱུད་ནས་འབྲེལ་བ་གནང་ན་ཞུ་ཆོག་གི་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། ད་ལྟ་ངས་བརྗོད་པ་དེ་རྒྱུས་ལོན་བྱས་པའི་ཐོག་ནས་རྣམ་པ་ཚོར་སྙན་སེང་ཞུས་པ་ཡིན།
དེ་ནས་གསུམ་པ། ལས་རིམ་དང་འབྲེལ་བའི་ཐོག་ནས་ཞུ་རྒྱུ་ཡིན། ལས་ཉིན་བཞིའི་ནང་ལས་རིམ་ག་རེ་ཕེབས་ཀྱི་རེད་ཟེར་བ་དེ་རྣམ་པ་ཚོས་མཁྱེན་དགོས་པའི་གནས་ཚུལ་ཆགས་བསྡད་ཡོད་པ་རེད། ད་ལྟ་གྲོས་ཚོགས་འདིའི་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གསུམ་ཡོད། དང་པོ་དེ། སྤྱི་ཟུར་གྲའུ་དཔོན་རིན་ཆེ་ཚེ་རིང་ལགས་འདས་པའི་ལོའི་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་རེད། ཁོང་སྤྱི་འཐུས་སྐབས་དང་པོ། སྐབས་གཉིས་པ། སྐབས་གསུམ་པ། སྐབས་དྲུག་པ་བཅས་ཐེངས་བཞི་ཙམ་སྤྱི་འཐུས་གནང་མྱོང་ཡོད་རེད། དེ་བཞིན་གྱི་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་གནང་བའི་མི་སྣ་བྱས་རྗེས་ཅན་ཞིག་ཆགས་ཀྱི་ཡོད། ཁོང་ལའང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་གཞུང་འབྲེལ་གྱི་ཐོག་ནས་ཁུར་ཡོད་ཞུ་རྒྱུ་དང་།
གཉིས་པ་དེ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་འདས་ལོའི་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་རེད། ཁོང་སྤྱི་འཐུས་སྐབས་བཞི་པ། སྐབས་ལྔ་པ། སྐབས་དྲུག་པའི་རིང་ལ་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་གནང་ཡོད་པ་དང་། དེ་བཞིན་དཔལ་འབྱོར་བཀའ་བློན་རེད། དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ། མང་གཙོའི་ཀ་བ་གསུམ་གྱི་ནང་འགན་འཁུར་བཞེས་མྱོང་མཁན་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་གནང་མྱོང་མཁན་གྱི་མཛད་བྱེད་ཅན་གྱི་མི་སྣ་ཞིག་ཆགས་བསྡད་ཡོད་རེད། ཁོང་ལའང་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་གཞུང་འབྲེལ་ཐོག་ནས་ཁུར་ཡོད་ཞུ་རྒྱུ་ཡིན།
གསུམ་པ་དེ། ཨ་རི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌཡེ་ནེ་ཕ་ཧེན་སི་ཊིན་ལགས་འདས་ལོའི་ནང་སྐུ་ཚེ་མ་ཟིན་པའི་གནས་སྟངས་ཆགས་པ་རེད། དེ་སྔོན་ཕྱི་ལོ་ ༢༠༢༢ ལོར་ང་ཚོ་ (Washington DC) ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐབས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་བཀའ་བློན། དེ་བཞིན་ཚོགས་གཙོ་གཉིས་བཅས་ཁོང་གི་ལས་ཁུངས་ལ་བཅར་ནས་ང་ཚོར་ཐུག་རྒྱུ་བྱུང་། ང་ཚོའི་ངོས་ནས་ཕྱག་རྟགས་དེ་འདྲ་འབུལ་རྒྱུའི་གོ་སྐབས་བྱུང་སོང་། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་དང་། ལྷག་པར་ཨ་རིའི་རྒྱབ་སྐྱོར་གྱི་བརྒྱུད་རིམ་ནང་གལ་ཆེའི་མི་སྣ་ཞིག་ཆགས་སྟབས་ཁོང་གི་ཐོག་ལ་ང་ཚོས་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་ཁུར་ཡོད་ཅེས་ཞུ་རྒྱུ་ཡིན།
དེ་ནས་ལྷན་ཁང་ཁག་གི་ལས་བསྡོམས་བསྡུས་པ་ཕེབས་ཡོང་གི་ཡོད། འདས་ལོའི་ནང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཡོངས་སུ་རྫོགས་པ་གྲུབ་ཟིན་པ་རེད། དེའི་རྗེས་ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་ཚང་མ་ལྷག་ཡོད། དེ་དག་གི་ལས་བསྡོམས་བསྡུས་པ་ཕེབས་ཀྱི་རེད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ལྷན་ཁང་མ་ལག་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པའི་ཐོག་ལ་ཞིབ་འཇུག་ཞུས་པའི་སྙན་ཐོ་ཕེབས་ཡོང་གི་ཡོད། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཕེབས་ཡོང་གི་ཡོད། ལས་རིམ་མང་ཆེ་བ་འདིའི་ཐོག་ནས་འགྲོ་དགོས་རྒྱུའི་གནས་སྟངས་ཆགས་ཡོད་ཞུ་རྒྱུ་ཡིན།
མཇུག་སྐྱོང་གྲོས་ཚོགས་འདིའི་ནང་སྤྱི་འཐུས་བཞི་ཙམ་དགོངས་པ་ཞུས་གནང་སོང་། སྤྱི་འཐུས་གཉིས་ལས་ཉིན་བཞི་ཆ་ཚང་དགོངས་པ་ཞུས་སོང་། སྤྱི་འཐུས་གཉིས་ཀྱིས་ཉིན་གཅིག་དང་། གཞན་གཅིག་ཉིན་གཅིག་དང་ཕྱེད་ཀ་དགོངས་པ་ཞུས་སོང་། དེ་མ་ཡིན་པའི་སྤྱི་འཐུས་ཚང་མ་ཕེབས་ཐུབ་ཡོད་ཞུ་རྒྱུ་ཡིན། འདིའི་སྐབས་སུ་ཚོགས་གཙོའི་ལས་ཚབ་རེད། ལས་རིམ་ཚོགས་ཆུང་རེད། སྔོན་མའི་སྐབས་སུ་བསྐོ་གཞག་གང་ཟིན་པ་དེ་ག་རང་མུ་མཐུད་ནས་གནས་བསྡད་ཡོད་ཞུ་རྒྱུ་ཡིན། དེ་ཡིན་དུས་ཚོགས་གཙོས་ལས་རིམ་དང་འབྲེལ་བའི་གཏམ་བཤད་མདོར་བསྡུས་ཤིག་ཞུས་ཟིན་པ་ཡིན། ང་ཚོའི་འདས་ཟིན་པའི་གནས་ཚུལ་ནང་གྲོས་ཚོགས་ཚོགས་རྒྱུར་རྐྱེན་ངན་བར་ཆད་ཟེར་ནའང་མི་འདུག རིགས་གཅིག་གཞན་དབང་གི་ཐོག་རྒྱུ་རྐྱེན་ངོ་བོར་བརྟེན་ནས་ཡོང་གི་འདུག རིགས་གཅིག་ཡང་ཆེད་མངགས་བཟོ་ཡི་མེད་དམ་སྙམ་པ་དེ་འདྲའང་ཡོང་གི་འདུག སོང་ཙང་དེ་རིང་ཚོགས་གཙོས་གང་ཡིན་པ་དེ་མར་ཞུས་པ་ཡིན་མ་གཏོགས་དེ་ལ་མཐའ་ཚིག་དང་སྐྱོན་བརྗོད་གང་ཡང་ཞུས་མེད། གཅིག་བྱས་ན་དེ་ཡག་པ་མིན་ནམ་སྙམ། གཅིག་བཤད་བསྡད་དུས་དེ་ལ་ཟིན་ནས་གཅིག་བཤད་བསྡད་ཀྱི་འདུག དེ་ཡིན་དུས་ང་རང་ཚོ་མི་ཡི་བསམ་བློ་བཏང་བ་ཡིན་ན། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཟེར་གྱི་ཡོད་པ་རེད། དེ་བཞིན་སྲོག་ལྡན་གྱི་སེམས་ཅན་ནང་ནས་མི་ཟེར་བ་དེ་དམིགས་བསལ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱལ་སྲས་ཞི་བ་ལྷ་ཡི་སྤྱོད་འཇུག་ནང་ “བདག་ལྟ་རིགས་ཀྱི་མིར་སྐྱེ་ནས། །ཕན་དང་གནོད་པའང་ངོ་ཤེས་ཏེ།།” ཕན་དང་གནོད་པ་ཟེར་བ་དེ་འཕྲལ་སེལ་མ་རེད། འཕྲལ་དང་ཕུགས་གཉིས་ཀར་ཕན་ནུས་ངོ་ཤེས་མཁན་གྱི་རྣམ་དཔྱོད་དེ་མི་ལ་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཚང་མ་དེ་འདྲ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་གྲོས་ཚོགས་ནང་ཆ་ཤས་བཞེས་པ་ཡིན་ནའང་འདྲ། སྤྱི་ཚོགས་ནང་འགན་འཁུར་གནང་གི་ཡོད་ནའང་འདྲ། དེ་བཞིན་གནང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཚོགས་གཙོས་གསལ་འདེབས་ཀྱི་ཚུལ་དུ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་གྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།