༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་དྲིལ་ལས་ཁུངས་ནས་མྱ་ངན་གུས་འདུད་དང་ལྟོས་བཅས་ནང་མི་ལྷན་རྒྱས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་བོད་མདོ་ཁམས་ཆབ་མདོར་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་རྗེས་རྒྱ་གར་དུ་ཕེབས་པ་དང་། ལོ་དེ་རང་ལ་ཁོང་གིས་རྒྱ་གར་ནང་དུ་སྐྱབས་བཅོལ་ཞུ་མཁན་བོད་མིའི་གཞིས་སྒར་ཁག་ཏུ་སྐད་སྒྱུར་གྱི་ཕྱག་རོགས་ཞུས། ཕྱི་ལོ་ ༡༩༦༤ ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་གནང་། ཕྱི་ལོ་ ༡༩༦༦ ལོར་སྐུ་སྒེར་ཡིག་ཚང་དུ་གསུང་བསྒྱུར་དང་ཆབས་ཅིག་ཕྱི་འབྲེལ་བཀའ་བློན་ཕྱག་རོགས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༦༧ ལོར་མོན་གྷོ་བོད་མིའི་གཞིས་ཆགས་ཐོག་མར་འཛུགས་སྐབས་གཞིས་འགོ་གནང་། ཕྱི་ལོ་ ༡༩༦༨ ནས་ ༡༩༧༥ བར་ལྷོ་གཞིས་ཁག་གི་གཞིས་སྤྱི་དང་ཆབས་ཅིག་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི། མ་སུ་རི་བོད་ཁྱིམ་གྱི་ཚོགས་མི་བཅས་ཀྱི་འགན་བཞེས།ཕྱི་ལོ་ ༡༩༧༥ ལོར་དགོངས་པ་ཞུས་ནས་ཁེ་ན་ཌར་ཏེ་ (United World) མཐོ་རིམ་སློབ་གྲྭའི་དགེ་རྒན་ལོ་བཞི་དང་། སྦི་ཌིཤ་ཀོ་ལམ་སྦི་ཡ་ཞེས་པའི་ས་གནས་སུ་མི་མང་བདེ་དོན་ཆེད་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༦ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ལྟར་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢ ནས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༤ བར་ཕྱི་དྲིལ་བཀའ་བློན་གྱི་ཐུགས་འགན་བཞེས། དེ་རྗེས་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་བེ་རི་ཀྲི་ཤི་ཀོ་བོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་གྱི་ལས་གནས་བཞེས་ཡོད་པ་རེད།
དམ་པ་ཁོང་གི་རྗེས་ཤུལ་ནང་མིར་སྐུ་ཟླ་ཇུ་ཊི་ལགས་དང་། བུ་གཉིས་དང་བུ་མོ་གཅིག་བཅས་ཡོད་པ་དང་། ཁོང་རྣམས་ནས་དམ་པ་ཁོང་གི་མཛད་རྗེས་ཁག་གདུང་སེམས་དང་། དམ་བཅའ། གུས་བརྩི་ལྡན་པའི་ཐོག་ནས་རྒྱུན་སྐྱོང་ངེས་རེད།
བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ཕྱི་དྲིལ་ལས་ཁུངས་ཀྱི་བཀུར་འོས་བཀའ་བློན་ཟུར་པ་ཞིག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཐོན་པར་ཕྱི་དྲིལ་ལས་ཁུངས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་ཕྱི་དྲིལ་ལས་ཁུངས་ཀྱི་མཚན་སྙན་དང་ལས་ཁུངས་འདི་ཉིད་ཡར་རྒྱས་གོང་འཕེལ་སླད་སྐུ་ངལ་འཛད་མེད་སྐྱོན་ཡོད། ང་ཚོས་དམ་པ་ཁོང་གི་ཤུལ་ལུས་ལྟོས་བཅས་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་དང་། འདས་པོ་དེ་ཉིད་རིངས་པོར་མི་ལུས་རིན་ཆེན་འཐོབ་པའི་བསྔོ་སྨོན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།