༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༤ ཉིན་ནི་དར་ལེནྜ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་ཝིམ་གྷི་རིཊ་(Wim Geerts)ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མདོ་ཁམས་སྡེ་དགེར་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་བར་བརྟེན་བོད་ཀྱི་དགོན་སྡེ་རྙིང་གྲས་དྲུག་དང་། གྲོང་གསེབ་གཉིས་བཅས་གཏོར་བཤིག་གཏོང་སྲིད་པའི་ཉེན་ཁར་བོད་མི་རྣམས་ནས་ངོ་རྒོལ་ཞུ་གཏུག་གནང་བར་རྒྱ་གཞུང་ནས་བོད་མི་མང་དག་ཅིག་འཛིན་བཟུང་བྱས་པར་ཐུགས་འཚབ་བསྟན་འདུག
དེ་ཡང་ཁོང་གིས་སྤྱི་ཚོགས་དྲྭ་རྒྱ་ཨེག་སི་(X)སྟེང་། རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པར་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང་སྦྲགས། ནི་དར་ལེནྜ་གཞུང་ངོས་ནས་བོད་མིའི་གཞི་རྩའི་རང་དབང་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་བཅས།།