༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་གྱི་ཉིན་གསུམ་པ་དང་བཞི་པར་གདན་ཞུས་གནང་བ་ལྟར་ ༢༠༢༤ ཟླ་ ༢ ཚེས་ ༡༧ སྔ་དྲོ་ཚོུད་༩ ཐོག་རྡ་ས་ནས་ལྡི་ལིར་ཐོན་ཏེ་ཕྱི་དྲོ་ཚོུད་ ༡༢།༣༠ ཙམ་ལྡི་ལིར་འབྱོར། ཕྱི་དྲོ་ཚོུད་ ༥།༣༠ ཐོག་ལྡི་ལི་ནས་སྦེང་ལོར་ཕྱོགས་སུ་ཐོན་ནས་མཚན་ཚོུད་ ༨།༣༠ ཙམ་ལ་གནམ་ཐང་དུ་འབྱོར་སྐབས་ལྷོ་སྤྱི་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཚེ་དཔལ་ནས་ཕེབས་བསུ་ཞུས་པ་དང་འབྲེལ་ལྷོ་སྤྱི་ལས་ཁུངས་སུ་ཕེབས།ཚེས་ ༡༨ སྔ་དྲོ་ཚོུད་ ༡༠ ཐོག་དོན་ལྡན་གླིང་རྒས་གསོ་ཁང་གི་འགན་འཛིན་ཨ་ཅག་ལྷ་མོ་ལྷན་སྦེང་ལོར་ནས་ཀོ་ལེ་གྷལ་དོན་གླིང་ཕྱོགས་སུ་སྣུམ་འཁོར་ནང་ཕེབས་ཐོན་གྱིས་ཚོུད་ ༦ ཙམ་འགྲུལ་བཞུད་ཀྱིས་ཉིན་རྒྱབ་ཚོུད་༣།༣༠ ཙམ་ལ་གཞིས་ཆགས་སུ་འབྱོར་སྐབས་ས་གནས་འགོ་འཛིན་དང་།ས་འཐུས་ཀྱི་ཚོགས་གཙོ། རང་ཚོགས་ཀྱི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས།
མི་ལོ་ ༥༠ འཁོར་བའི་དུས་སྟོན་གྱི་ཉིན་གསུམ་པ་སྟེ་ཚེས་ ༡༩ སྔ་དྲོ་ཚོུད་ ༩ ཐོག་སྐུ་མགྲོན་རྣམས་དང་སེར་སྐྱ་འགོ་མང་ཡོངས་མི་མང་ཚོགས་ཁང་གི་མདུན་དུ་ཚང་འཛོམས་སར་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་ཞུས། དེ་རྗེས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་ལྔ་བཅུའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ནས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་དུས་དྲན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་བ་སྙིང་དོན་དུ། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞི་པར་མི་སྣ་གྲགས་ཅན་ཐང་སྟོང་རྒྱལ་པོས་དབུ་འཁྲིད་ནས་ལྷ་མོའི་གཞུང་འཁྲབ་སྟེ་ལྕགས་ཟམ་དང་གྲུ་སོགས་སྐྲུན་བྱེད་ཀྱི་ཞལ་འདེབས་བསྡུ་རྒྱུ་དམིགས་ཡུལ་དུ་བྱས་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ཞིང་། བོད་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་ཡོད་པ་རྣམས་ཀྱི་ནང་དོན་ནི་གཏམ་རྒྱུད་དང་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་རྣམ་ཐར་གྱིས་མི་སེམས་ལ་གཡོ་འགུལ་དང་ཡར་རྒྱས་ཀྱི་ལམ་བུའི་ཐོག་ལ་སྐུལ་འདེད་གཏོང་ཆེད་དུ་འཁྲབ་གཞུང་ལ་བཀོད་པ་ཞིག་ཡིན། དུས་རབས་བཅུ་བདུན་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ནས་དར་བ་དང་། བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང༌། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་སྲོལ་དར་ཡོད།དུས་རབས་ ༢༠ པའི་དུས་འགོ་སྟེ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྲིད་དབང་དངོས་སུ་བཞེས་པའི་རྗེས་སུ། བོད་ཀྱི་རྒྱུན་སྲོལ་ལྷ་མོ་མི་ཉམས་གོང་འཕེལ་ཡོང་ཆེད། དབུས་གཙང་ལྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་དང༌། བྲོ་པ། གཞས་མ། ཤེལ་རོང་འབྲོང་རྩེད་པ་སོགས་ཡོད་ཚད་བསྐོང་འགུགས་གནང་སྟེ་ལོ་ལྟར་ཞོ་སྟོན་རིང་ནོར་བུ་གླིང་ཁར་འཁྲབ་སྟོན་གཟིགས་འབུལ་དགོས་པ་སོགས་ཀྱི་བཀའ་གནང་བ་མ་ཟད་། ༸སྐུ་ངོ་མས་གཟིགས་རྟོག་གནང་གི་ཡོད་འདུག དེ་ནས་བཟུང་ཞོ་སྟོན་ནི་བོད་ཀྱི་རིག་རྩལ་དུས་ཆེན་ཞིག་ཏུ་གྱུར།
བོད་ཆོས་ལྡན་ཞིང་དུ་རྒྱ་ནག་དམར་གཞུང་གིས་བཙན་འཛུལ་བྱས་ནས་༸སྤྱི་ནོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་བཙན་བྱོལ་དུ་འབྱོར་རྗེས་ ༡༩༥༩ ལོར་མེ་སོ་མ་རིར་ཐོག་མར་ལྷ་མོའི་འཁྲབ་གཞུང་གི་འཁྲབ་ཆས་སོགས་མེད་པར་ཐོག་མར་ཞོ་སྟོན་འཁྲབ་སྟོན་ཞུས་འདུག བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་མཆོག་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་བོད་གཞུང་ཟློས་གར་གསར་འཛུགས་གནང་། ༡༩༩༣ ལོར་བོད་གཞུང་ཟློས་གར་ཚོགས་པའི་ཞོ་སྟོན་འཁྲབ་སྟོན་སྐབས་ལྷ་མོ་ཚོགས་པ་བཞི་ནས་མཉམ་ཞུགས་གནང་སྐབས། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ན་གཞོན་རྣམས་ནས་བོད་ཀྱི་གནའ་བོའི་རིག་གཞུང་ཉར་ཚགས་ཙམ་མ་ཟད། རྒྱུན་མཐུད་དགོས་པའི་ལམ་སྟོན་ཕེབས་པ་བཞིན་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ་ཁག་ནང་ཨ་ཅེ་ལྷ་མོའི་འཁྲབ་སྟོན་ལ་ཐུགས་སྣང་གིས་ཞོ་སྟོན་ནང་མཉམ་བཞུགས་གནང་མཁན་ཇེ་མང་དུ་ཕྱིན་ཏེ་ད་བར་ཞོ་སྟོན་སྐབས་༣༡ཚོགས་ཟིན་པའི་ནང་ཀོ་ལེ་གྷལ་དོན་ལྡན་གླིང་ཨ་ཅེ་ལྷ་མོའི་རུ་ཁག་ནས་ ༢༠༡༥ ལོར་མཉམ་བཞུགས་གནང་བར། འཁྲབ་སྟོན་ནང་མཉམ་བཞུགས་གནང་མཁན་སྔ་རྗེས་ཡོངས་དང་། འགན་ཁུར་གནང་མཁན་ཡོངས་ལ་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཡར་རྒྱས་ལ་མཐའ་མེད་པས་ད་དུང་སྤྱིར་བོད་ཀྱི་གཞས་དང་ཞབས་བྲོ། སྒོས་སུ་ལྷ་མོའི་རྒྱུ་རྩལ་ལ་དོ་དབྱིངས་ཡོད་པ་ཚོས་ཞར་དང་ཞོར་ལ་མུ་མཐུད་མཉམ་བཞུགས་ཀྱིས་ཀོ་ལེ་གྷལ་ལྷ་མོའི་རུ་ཁག་གི་མཛད་འཕྲིན་གང་ལེགས་ཡོང་བའི་སྨོན་འདུན་དང་གཟིགས་མོ་དགྱེས་གཟིགས་ཡོང་བ་བཅས་གསུངས་ཡོད།
དེ་རྗེས་ཚོུད་ ༡༠ ཡོལ་ཙམ་ལ་དོན་ལྡན་གླིང་ལྷ་མོའི་རུ་ཁག་ནས་བོད་ཀྱི་གནའ་བོའི་འཁྲབ་གཞུང་འགྲོ་བ་བཟང་མོ་གཟིགས་འབུལ་གནང་།ཉིན་གུང་གསོལ་ཚིགས་རྗེས་འཁྲབ་སྟོན་མུ་མཐུད་གནང་ནས་ཚོུད་ ༣ པ་ཡོལ་ཙམ་ལ་འཁྲབ་གཞུང་མཇུག་སྒྲིལ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་ནས་འཁྲབ་སྟོན་བ་རྣམས་ལ་རྟེན་འབྱུང་མཇལ་དར་སྒྲོན། ཕྱི་དྲོ་ཚོུད་ ༧།༣༠ ཙམ་ལ་སློབ་གྲྭའི་རྩེད་ཐང་དུ་གྲགས་ཅན་གཞས་པ་དང་གཞས་མ་ཁག་ཅིག་ནས་རོལ་དབྱངས་ཀྱི་དགོང་ཚོགས་སྐབས་སྙན་འཇེབས་ལྡན་པའི་གཞས་དང་ཞབས་བྲོའི་མཆོད་པ་ཕུལ་ནས་མཐར་མཚན་མོ་ཚོུད་ ༡༡།༣༠ ཙམ་ལ་མཚན་ཚོགས་མཇུག་སྒྲིལ།
ལྔ་བཅུའི་དུས་དྲན་སྲུང་བརྩི་ཉིན་མཐའ་མར་སྔ་དྲོ་ཚོུད་ ༩ ཙམ་ལ་དཔལ་ལྡན་ཚོགས་གཞོན་མཆོག་ས་གནས་འགོ་འཛིན་དབུས་པའི་ལས་སྣེ་རྣམས་དང་ལྷན་༸རྒྱལ་བའི་ཕོ་བྲང་དང་རྫོགས་ཆེན་དགོན་པ་དེ་བཞིན་བསྟན་ཁང་བཅས་སུ་གནས་མཇལ་དུ་ཕེབས། ཚོུད་༡༠།༣༠ ཙམ་ལ་སྐུ་མགྲོན་དང་མི་མང་རྣམ་པ་མི་མང་ཚོགས་ཁང་གི་མདུན་ཐང་དུ་སྒོར་གཞས་འཁྲབ་ནས་དགའ་སྤྲོ་གནང་སྐབས་མཉམ་ཞུགས་གནང། ཉིན་གུང་གསོལ་ཚིགས་རྗེས་ཕྱི་དྲོ་ཚོུད་ ༦།༣༠ ཐོག་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོའི་ཐང་དུ་ཚང་འཛོམས་སར་ཕེབས་སྐབས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་ཕེབས་བསུ་ཞུས། དེ་རྗེས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་གྱི་མཇུག་བསྡོམས་མཛད་སྒོའི་རྗེས་ལྷོ་ཕྱོགས་ཁུལ་གྱི་རུ་ཁག་དགུ་ནས་ནི་ཇ་ལིང་གྷ་པ་དྲན་རྟེན་རྐང་སྤོལ་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཧ་ནུ་མན་ཐ་ཡ་(Shri H. Hanumantha, secretary Nijalingppa Memorial Trust Chitradurga and former RajyaSabha member)དང་། སྐུ་ཞབས་ནི་ཇ་ལིང་གྷ་པ་མཆོག་གི་ཚ་བོ་སྐུ་ཞབས་མན་ཇུ་ན་ཐན་མཆོག་(Shri S.G. Majunatha, Secretary, Nijalingappa National Foundation, Bengaluru) རྣམ་གཉིས་ཕེབས་སྐབས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བསུ་བ་ཞུས། དེ་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་ལྔ་བཅུའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་མཆོག་ནས་ ༥༠ དུས་སྟོན་མཛད་སྒོའི་མཇུག་བསྡོམས་གསུང་བཤད་གནང་།
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན་དུ། བོད་གངས་ཅན་ཞིང་དེར་རྒྱ་ནག་དམར་པོས་ཕྱི་ལོ་ ༡༩༤༩ ལོར་བཙན་འཛུལ་གྱིས་རིམ་པས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ ༡༩༥༩ ལོར་བཙན་བཟུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་ལྷན་དུ་སྔ་ཕྱིར་བོད་མི་ཁྲི་ཚོ་བརྒལ་བ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་ཀྱི་གནས་སྟངས་ཧ་ཅང་དཀའ་ངལ་ཆེ་བའི་དུས་དེར་༸གོང་ས་མཆོག་གི་ཐུགས་བསྐྱེད་མཛད་འཕྲིན་དང་།རྒྱ་གར་དབུས་སའི་གཞུང་དང་མི་མང་བཅས་ནས་བོད་མི་རྣམས་ལ་དམིགས་བསལ་གཟིགས་རྟོགས་དང་འགན་ཁུར་གྱིས་བོད་མིའི་ངོ་བོ་དང་།ཆོས་དང་རིག་གཞུང་ཐ་དད་ཡོད་པ་རྣམས་མི་ཉམས་རྒྱུན་འཛིན་ཆེད་སློབ་གྲྭ་དང་།དགོན་པ།གཞིས་ཆགས་སོགས་ལོགས་སུ་ཡོང་ཕྱིར་ཐོག་མར་རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་ཧཱ་རུ་ (Pundit Jawaharlal Nehru) མཆོག་ལ་དགོངས་བཞེས་དགོས་པའི་སྙན་གསེང་ཞུས་པ་ལྟར་རྒྱ་གར་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇི་ལིང་ག་པ་ (Shri Nijalingappa) མཆོག་གིས་སྙིང་སྟོབས་ཆེན་པོས་ངོས་བཞེས་ཀྱིས་རིམ་པས་རྒྱ་གར་དབུས་སའི་གཞུང་དང་།རོགས་ཚོགས་ཁག་བཅས་ནས་ལྷོ་ཕྱོགས་ཁུལ་དུ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་ཆེད་གཞིས་ཆགས་ཁག་བཙུགས་ཐུབ་པ་བྱུང་བའི་ཡ་གྱལ་དོན་ལྡན་གླིང་གཞིས་ཆགས་འདི་ཆགས་ཡོད་པས་ཐོག་མར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་དབུས་དང་མངའ་གཞུང་ཀར་ན་ཊ་ཀའི་སྲིད་གཞུང་མི་མང་བཅས་ལ་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།
ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་འདི་བཞིན་ཕྱི་ལོ་ ༡༩༧༤ ཟླ་ ༤ ཚེས་ ༢༧ ཉིན་གསར་འཛུགས་ཀྱིས་དང་ཐོག་གཞིས་ཆགས་ནང་ས་ཞིང་འདེབས་ལས་ཀྱི་ཉམས་མྱོང་མེད་པ་དང་། ཚ་བས་ས་ཆུ་མ་འཕྲོད་པའི་དཀའ་ངལ་ཆེན་པོ་བྱུང་ཡོད་ནའང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་མི་རབས་རྒན་པ་རྣམས་ནས་ངལ་བ་ཁྱད་དུ་བསད་ནས་རིམ་བཞིན་ཞིང་ལས་འདེབས་ཚུལ་ལ་མྱོང་བ་བསགས་ནས་ཐོན་སྐྱེད་བཟང་དུ་ཕྱིན་པ་དང་། ཡུལ་ལུང་གི་སྐད་བརྡ་འཕྲོད་པ།ཚ་དྲོད་དང་མཐུན་པའི་ཟས་གོས་གོམས་འདྲིས་ཀྱིས་བཙན་བྱོལ་བོད་གཞུང་གི་བསྐོ་བཞག་གནང་བའི་ས་གནས་འགོ་འཛིན་རིམ་པའི་འོག་མི་རབས་རྒན་པ་རྣམས་ནས་ས་ཞིང་འདེབས་ལས་ཙམ་མ་ཟད། སྒོ་ཕྱུགས་གསོ་སྐྱོང་དང་། འོ་མ་ཚོགས་པ་སོགས་རིམ་པས་ལས་རིགས་སྣ་ཚོགས་ལ་འབད་པ་ཆེན་པོས་དོན་གཉེར་གྱིས་གཞིས་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིགརང་དབང་འཐབ་རྩོད་སོགས་ཀྱི་ཐད་འགན་ཁུར་ཆེར་བཞེས་གནང་ཡོད།གཞིས་ཆགས་སུ་༸གོང་ས་མཆོག་གི་ཆིབས་བསྒྱུར་བཀའ་དྲིན་ཐོག་མར་བསྐྱངས་བའི་སྐབས་རང་ཉིད་ཀྱང་གཞིས་ཆགས་ཀྱི་ཉིན་མོའི་སློབ་གྲྭའི་ནང་དགེ་རྒན་གྱི་ལས་ཁུར་ཞུ་བའི་སྐབས་ཡིན་པ་དང་། དེ་སྐབས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་གྱི་ངོ་བོར་རིག་གཞུང་ཁྲབ་སྟོན་ཞུས་པའི་སྐལ་བཟང་གོ་སྐབས་ཀྱང་ཐོབ་ཡོད་པ་ཙམ་མ་ཟད། སློབ་གྲྭའི་འཛིན་ཁང་རེ་རེའི་ནང་ཞབས་བཅག་སྟེ་སློབ་འཁྲིད་ལ་ཐུགས་ཞིབ་གནང་བའང་སེམས་ནང་དྲན་བཞིན་ཡོད། དོན་ལྡན་གླིང་གཞིས་ཆགས་སུ་སྔ་རྗེས་སྐུ་ལས་སྐྱོན་མཁན་གྱི་གཞིས་འགོ་ལས་ཟུར་དང་གཞིས་མི་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ཉག་གཅིག་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཀྱི་ལམ་སྲོལ་མང་གཙོ་ཅན་འགྱུར་གནང་མཛད་པ་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཕྱི་ལོ་ ༡༩༩༢ ཕྱི་ཟླ་ ༥ ཚེས་ ༡༨ ཉིན་དངོས་སུ་བཙུགས་ཏེ། ད་ལྟའི་ཆར་ས་གནས་འཐུས་མིའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། དོན་ལྡན་གླིང་གཞིས་མིའི་སྒྲིག་གཞི་བཅས་གཏན་འབེབས་བྱས་ཏེ་དེབ་གཟུགས་སུ་བཀོད་ནས་ལག་བསྟར་སྟངས་འཛིན་ཞུ་བཞིན་པ་ནི་བཅའ་ཁྲིམས་ནས་བཀུར་བའི་འགན་ཙམ་མ་ཟད། མང་གཙོའི་ལམ་སྲོལ་ནང་འགན་ཁུར་སྦྱང་བརྩོན་བྱ་ས་ཞིག་ཀྱང་ཆགས་ཡོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལེགས་སོ་ཞུ་རྒྱུ་ཡིན།
ཀོ་ལེ་གྷལ་དོན་ལྡན་གླིང་སློབ་གྲྭ་དེ་བཞིན་ཐོག་མར་མའི་སོར་གཞིས་ཆགས་གསར་འཛུགས་དང་ཡར་རྒྱས་ལས་ཁུངས་ (MYRADA) ནས་ ༡༩༧༦ ལོར་གསར་འཛུགས་གནང་ནས་ཕྱི་ལོ་ ༡༩༧༨ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སུ་བཞེས་པ་དང་། ཕྱི་ལོ་ ༡༩༨༥ ལོར་སློབ་གྲྭ་དེ་བཞིན་འབྲིང་རིམ་འོག་མ་ནས་འབྲིང་རིམ་གོང་མར་གནས་སྤར་གནང་བ་ལས་སློབ་གྲྭའི་མཐུན་རྐྱེན་གང་ཅིའི་ཐད་བཟང་དུ་ཕྱིན་པ་ཙམ་མ་ཟད། ཕྱི་ལོ་ ༢༠༡༨ ལ་བོད་སློབ་འཛིན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སཾ་བྷོ་ཊ་གཏན་སློབ་ཁོངས་ངོས་བཞེས་རྩིས་ལེན་ཞུས་ཡོད་པས། ད་ལྟའི་ཆར་སློབ་གྲྭ་འདིར་སྔོན་འགྲོ་ནས་གཞི་རིམ་གོང་མའི་འཛིན་རིམ་བཅུ་པ་བར་ཡོད་པའི་ནང་ནས་ད་བར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་ཚན་བྱེ་བྲག་ཐོག་གཟེངས་སུ་ཐོན་པའི་སློབ་མའང་བྱུང་འདུག་པ་མ་ཟད། སློབ་ཐོན་གྱིས་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་ནང་གཟེངས་སུ་ཐོན་པའི་བྱ་དགའ་བཞེས་མཁན་ཡང་བྱུང་ཡོད་པ་དང་། དེ་བཞིན་མང་མོས་འགན་ཁུར་ཡོད་པའི་ལས་སྣེར་བཞུགས་པ་ནི་མི་ལོ་ལྔ་བཅུའི་རིང་ལ་སློབ་སྤྱི་དང་དགེ་ཆེ་དེ་བཞིན་དགེ་རྒན་ལས་ཟུར་དང་སློབ་མ་རྣམ་པའི་སྐུ་ལས་སྐྱོན་པའི་འབྲས་བུ་ཡིན་པས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། སླད་ནས་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འཁྲིད་པར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱི་ནུས་ཤུགས་ལྡན་པ་ཡོང་བར་སློབ་གྲྭའི་སློབ་སྤྱི་དང་དགེ་ལས། དེ་བཞིན་སློབ་ཕྲུག་དང་ཕ་མ།སྤྱི་ཚོགས་བཅས་ནས་ཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་གྱིས་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན།
གཞིས་ཆགས་འདིའི་ནང་རིས་མེད་དགོན་སྡེ་ཁག་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་། ལས་ལུང་ཟེ་ཕུག་དགའ་ལྡན་མཁའ་སྤྱོད་དགོན།ཏྲེ ་ཧོར་བཀྲིས་དར་རྒྱས་དགོན།སྟག་གཤམ་ཡི་དམ་དགོན། བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་།རི་བ་འབར་མ་ཐུབ་བསྟན་བསམ་གྲུབ་ཆོས་འཁོར་གླིང་། འབྲི་གུང་བཀའ་བརྒྱུད་དགོན་སྡེའི་མཁན་བླ་སྤྲུལ་རྣམས་ནས་དགོན་པའི་ནང་གི་གྲྭ་རྒྱུན་རྣམས་ལ་བོད་ཀྱི་རིག་གཞུང་བརྡ་དག་སྙན་གསུམ་གྱིས་མཚོན་མདོ་སྔགས་གཉིས་ལ་ཐོས་བསམ་སློབ་གཉེར་དང་རང་རང་ལུགས་ཀྱི་ཆོ་ག་ཕྱག་ལེན་སློབ་གཉེར་དང་ཉམས་ལེན་ལས་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་མི་ཉམས་བརྒྱུད་འཛིན་ཐུབ་པའི་གྲོགས་སུ་འགྱུར་ཡོད་པ་མ་ཟད། ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་གཙོས་པའི་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་མང་པོས་གཞིས་མི་ཁོས་ཞན་རྣམས་དང་རྒས་གསོ་ཁང་སོགས་སྡེ་ཚན་མང་པོ་ལ་རོགས་སྐྱོར་དང་། དེ་བཞིན་མང་ཚོགས་བྱིངས་ལ་རྐྱེན་སེལ་རིམ་གྲོ་སྒྲུབ་པ་སོགས་ཕན་ཐོགས་ཆེན་པོ་བྱུང་འདུག་པར་ལེགས་སོོ་ཞུ། ལྷག་པར་གཞིས་ཆགས་ནས་མི་ཤི་སྐྱེ་འཆིའི་སྐབས་རིམ་འགྲོ་གནང་མཁན་གྲྭ་བཙུན་མི་རག་པའི་དཀའ་ངལ་ཞིག་སྔར་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་སྐབས་གསུངས་འདུག་པས་དེའི་སྐབས་དགོན་སྡེ་ཁག་ནས་མང་ཚོགས་ཀྱི་རེ་འདུན་བསྐོངས་ཐུབ་རྒྱུའི་རེ་བསྐུལ་ཡང་ཞུ་རྒྱུ་ཡིན།
དོན་ལྡན་གླིང་གཞིས་ཆགས་འདི་བཞིན་སོ་ནམ་གཞིས་ཆགས་མིང་དོན་མཚུངས་པ་ཞིག་ཆགས་ཡོད་པ་ནི་ལོ་ལྟར་ཞིང་ས་སྟོང་པ་མ་ལྷག་པར་འདེབས་ལས་གནང་བ་དང་གཞིས་མཉམ་དེའང་༸རྒྱལ་བའི་དགོངས་གཞི་བཞིན་འཕྲུལ་རྨོས་སྡེ་ཚན་ཡོད་མུས་ཐོག་སོན་ལུད།ཆུ་ལས།སྤོས་བཟོ།ཚོང་ཁང་སོགས་བརྒྱུད་མང་ཚོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཞུ་བཞིན་པའི་སྐབས་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ནའང་། རྩིས་ལོ་ ༢༠༢༣ བར་ཁ་ཡོད་ལག་ཡོད་སྐོར་རྒྱག་མ་དངུལ་སྒོར་འབུམ་ ༢༡༤།༨༨ ཡོད་གནས་འདུག་པར་ལེགས་སོ་ཞུ་རྒྱུ་ཡིན།འདི་བཞིན་ས་གནས་རང་བདེན་ཚོགས་ཆུང་།ཕྱི་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་ཁག་གཉིས་སོགས་གཞིས་མི་མང་ཚོགས་ཀྱི་དགོས་མཁོ་བཞིན་གོང་གསལ་སྡེ་ཚན་ཁག་དེ་དག་ནང་འགན་ཁུར་བཞེས་མཁན་རིམ་པས་ས་གནས་མང་ཚོགས་ཀྱི་དགོས་མཁོ་བཞིན་ཐབས་ཤེས་སྣ་མང་སྤྱད་དེ་གཞིས་ཆགས་འདིའི་སྣོད་བཅུད་གཉིས་ཀར་མིག་དཔེ་འོས་པ་ལྟ་བུ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་ཡོད་པ་དང་། གཞིས་ཆགས་འདིའི་ཡར་རྒྱས་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་མཁན་གྱི་རོགས་ཚོགས་ཁག་དང་། གཞིས་མི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་མཁན་རྣམས་པས་ཀྱང་སྒེར་གྱི་ཁྱིམ་ཚང་དང་སྤྱི་པའི་ལས་དོན་ལ་ཕན་པའི་དཔལ་འབྱོར་གྱི་མཐུན་རྐྱེན་གནང་བ་བཅས་ནི་གཞིས་ཆགས་འདི་བཟང་ཕྱོགས་སུ་འགྱུར་བ་འགྲོ་ཐུབ་པའི་མཐུན་རྐྱེན་གལ་ཆེ་ཤོས་ཆགས་ཡོད་ན་དེ་རིང་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་དང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱུན་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གིས་དམ་དྲག་འོག་ཉིན་རེའི་དཀའ་སྡུག་མྱང་དང་མྱོངས་བ་རྣམས་ན་གཞོན་ཚོའི་བརྒྱུད་ལ་འཇགས་ཐབས་དང་། བོད་མིའི་འཐབ་རྩོད་དང་ལོ་རྒྱུས་གནས་བབ་རྣམས་དུས་ནམ་ཡང་མི་བརྗེད་པར་བོད་དང་བོད་མིའི་འཐབ་རྩོད་ལ་ཕན་པའི་འགན་ཁུར་དང་ལས་དོན་སྒྲུབ་ཐུབ་དགོས་རྒྱུ་ནི་གཞིས་ཆགས་འདི་བཙུགས་དགོས་པའི་དགོས་དོན་གཙོ་བོ་ཡིན་པས།དེ་ལྟར་བྱུང་བ་ཡིན་ན་འདས་པའི་ལོ་ངོ་ལྔ་བཅུའི་དྲན་གསོ་དང་མ་འོངས་པའི་ཕུག་དམིགས་རྣམས་ལ་ཕན་ཐོགས་ཡོང་བའི་དུས་དྲན་སྲུང་བརྩི་བྱས་པའི་དགོས་དམིགས་གལ་ཆེ་ཞིག་ཆགས་ངེས་ཡིན། གཞིས་ཆགས་འདི་དང་ལས་འབྲེལ་ཡོད་དུས་དེ་རིང་འདིར་བཅར་ཐུབ་པ་དེས་སྔ་མོའི་དུས་ཀྱི་དྲན་གསོ་དང་།དེ་བཞིན་སྒེར་གྱི་འཚར་ལོངས་ཐོག་ལའང་དེའི་སྐབས་ཀྱི་སློབ་ཕྲུག་གཙོས་པའི་དགེ་ལས་མང་ཚོགས་ཀྱི་ཕན་རླབས་འབྲེལ་བ་ཡོད་པའི་རྗེས་དྲན་དང་། ལྷག་པར་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་ནས་དུས་དྲན་འདི་ལྟ་བུ་ཞིག་གོ་སྒྲིག་གནང་རྒྱུར་དུས་ཡུན་རིང་པོའི་རིང་ཧ་ཅང་སྐུ་ལས་སྐྱོན་ཡོད་པས་ཚོགས་ཆུང་གི་ཚོགས་མི་རྣམས་དང་དུས་དྲན་འདི་སྲུང་བརྩིའི་ཆེད་མཐུན་འགྱུར་སྦྱར་མཁན་འབྲེལ་ཡོད་ཡོངས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་གསུངས།
དེ་རྗེས་རྒྱ་གར་སྐུ་མགྲོན་རྣམ་གཉིས་ལ་ལྔ་བཅུའི་དྲན་རྟེན་གསོལ་རས་དང་དཔལ་ལྡན་ཚོགས་གཞོན་མཆོག་ལ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་ཕུལ་གནང་བ་དང་། དེ་རྗེས་དོན་གླིང་གཞིས་ཆགས་སུ་ལས་ཁུངས་ལས་བྱེད་ཞབས་ལོ་༢༠འཁོར་བ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་ཕུལ་མཚམས་སྐུ་ཞབས་ཧ་ནུ་མན་ཐ་མཆོག་དང་སྐུ་ཞབས་མན་ཇུ་ན་ཐན་མཆོག་རྣམ་གཉིས་ནས་རིམ་བཞིན་ཕྱོགས་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། ཚོགས་གཞོན་མཆོག་ལ་ཆེ་བསྟོད་ཀྱི་ཞྭ་མོ་དང་ཤོལ་བཅས་གསོལ་ཕུལ་བསྩལ་གནང་བར་ཐུགས་རྗེ་ཆེ་ཞུས།ནི་ཇ་ལིང་ག་པ་དྲན་རྟེན་རྐང་སྤོལ་འགྲན་བསྡུར་(S. Nijalingapa Memorial Cup) ནང་ལྷོ་ཕྱོགས་ཀྱི་རུ་ཁག་དགུ་ཡི་མཉམ་ཞུགས་གནང་ཡོད་འདུག།དེ་རྗེས་ལྔ་བཅུའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ས་འཐུས་ཚོགས་གཙོ་སྐལ་ལྡན་ནོར་བུ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་མཇུག་སྒྲིལ།
ཚེས་ ༢༡ ཉིན་སྔ་དྲོ་ཚོོུད་ ༡༠ ཙམ་ནས་གཞིས་ཆགས་ཀྱི་ལས་ལུང་ཟེ་ཕུག་དགའ་ལྡན་མཁའ་སྤྱོད་དགོན་དང་། ཏྲེ་ཧོར་བཀྲིས་དར་རྒྱས་དགོན། སྟག་གཤམ་ཡི་དམ་དགོན།བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་།རི་བ་འབར་མ་ཐུབ་བསྟན་བསམ་གྲུབ་ཆོས་འཁོར་གླིང་།འབྲི་གུང་བཀའ་བརྒྱུད་དགོན་སྡེ་བཅས་སུ་གནས་མཇལ་དང་ཉིན་རྒྱབ་རྒས་གསོ་ཁང་དུ་རྒྱུས་ལོན།དེ་བཞིན་ལམ་བར་རྒས་འཁོགས་ངོ་ཤེས་ཁ་ཤས་དང་ཡུན་རིང་འདྲིས་པའི་དགེ་རྒན་ཟུར་པ་དང་། སློབ་ཟུར། དེ་བཞིན་གཞིས་མི་རྣམས་མཇལ་འཕྲད་གནང་ནས་འཚམས་འདྲི་ཞུས་གནང་བ་དང་། དགོང་དྲོ་ཚོུད་ ༨།༣༠ ཙམ་ལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ཚོགས་ཁང་གསར་པའི་ནང་ཕྱི་རྒྱལ་ནས་ཕེབས་པའི་སློབ་ཟུར་དང་གཞིས་ཟུར་རྣམས་ལ་ཕེབས་སྐྱེལ་གསོལ་སྟོན་བཤམས་སར་མགྲོན་འབོད་ལྟར་ཕེབས།དེ་སྐབས་སློབ་ཟུར་རྣམས་ནས་ས་ཁག་སོ་སོའི་འགན་འཁུར་བཞེས་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་གཞས་སྣ་གཟིགས་འབུལ་ཁག་ལ་གཟིགས།
ཚེས་ ༢༢ སྔ་དྲོ་ཚོུད་ ༦།༣༠ ཐོག་གཞིས་ཆགས་ནས་ཕེབས་ཐོན་སྐབས་ས་གནས་འགོ་འཛིན་མཆོག་གི་སྐྱེལ་མ་དང་དོན་ལྡན་གླིང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་ལགས་མཉམ་བཅར་བཅས་ཐོན་ནས་ལམ་བར་རྒྱ་གར་དགེ་རྒན་ཟུར་པ་ཞིག་མཇལ་ནས་ཉིན་རྒྱབ་ཚོུད་ ༣ ཙམ་ལ་སྦེང་ལོར་གནམ་ཐང་དུ་འབྱོར། སྦེང་ལོར་གནམ་ཐང་ནས་རྡི་ལི་དང་། དེ་ནས་རྡ་སར་ཕེབས་ཐོན་གནང་བ་བཅས།།