༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་གསུམ་བཅུ་དུས་དྲན་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཐུབ་པ་བྱུང་ཡོད།
རྒྱུན་ལྡན་བཞིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཐའེ་ཝན་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ་གཉིས་ཀྱི་གཙོས་འགན་ཞེས་པའི་ཐོག་ཐའེ་ཝན་གཞུང་ཁོངས་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཞོགས་འདེགས་ཀྱིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ཚོགས་འདུ་དང་གོ་བསྡུར་རབ་དང་རིམ་པ་ཞུས་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་རྒྱབ་ཆུ་ཚོད་དང་པོའི་ཐོག་ཐའེ་པེ་ (zhongxiao Fuxing) གྱི་མེ་འཁོར་འབབ་ཚུགས་མདུན་ཐང་དུ་ཐའེ་ཝན་གནས་ཞུགས་བོད་མི་སེར་སྐྱ་མི་མང་དང་། ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༤༠༠ ནས་ ༥༠༠ ཙམ་ལྷན་འཛོམས་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ (Yiong Con-Zin-Minister of the Council for Hakka Affairs in Taiwan) དང་། ད་ལྟའི་ཐའེ་ཝན་གཞུང་འཛིན་པ་ཐའེ་ཝན་མང་གཙོ་ཡར་འཐོན་ཚོགས་པའི་རྒྱལ་སྤྱིའི་འབྲེལ་མཐུད་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ (Wen Lii) རྣམ་གཉིས་ནས་གསུམ་བཅུ་དུས་དྲན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་།དེ་ནས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པ་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་། ཐའེ་ཝན་གཞོན་ནུ་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་མི་མང་འབྲེལ་མཐུད་པ་ (Public Relation Officer) སྨར་ཁམས་ཆོས་འཕེལ་ལགས་བཅས་ནས་གསུང་བཤད་གནང་རྗེས་དགེ་འདུན་པ་རྣམ་པས་བདེན་ཚིག་སྨོན་ལམ་གསུང་འདོན་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་གོམ་བགྲོད་འགོ་འཛུགས་ཀྱི་ཐའེ་པེ་ཐོག་རྩེགས་ ༡༠༡ བར་ཞི་བའི་གོམ་བགྲོད་གནང་ཡོད།གོམ་བགྲོད་གྱི་ལམ་བར་དུ་ཐའེ་ཝན་གཞུང་འབྲེལ་མིན་པའི་ལས་ཀྱི་སྣེ་མོ་བ་རྣམས་ནས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་དང་། ལམ་བར་དུ་ཡོད་པའི་ (Dr. Sun Yat -Sen Memorial hall) གྱི་མདུན་དུ་སྐུ་ཕྱག་འབུལ་ཏེ་གུས་བཏུད་དང་ཐེ་པེ་རྒྱ་མིའི་དངུལ་ཁང་མདུན་དུ་ཉེ་ལམ་བོད་ཁམས་སྡེ་དགེའི་ཆུ་མཛོད་ལས་གཞི་དང་འབྲེལ་བའི་བོད་ནང་དགོན་སྡེ་གཏོར་བའི་ལས་གཞི་མཚམས་འཇོག་བྱེད་དགོས་ཞེས་གཏམ་བརྗོད་འཁྲབ་སྟེ་ཛ་དྲག་གནད་དོན་དངོས་སྟོན་ཞུས་ཐུབ་པ་བྱུང་ཡོད། དེ་ནས་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་ལ་ཐའེ་པེ་ཐོག་རྩེགས་ ༡༠༡ ཏུ་འབྱོར་རྗེས་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ནས་ཐའེ་ཝན་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གོམ་བགྲོད་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྲུང་བརྩི་མཛད་སྒོ་མཇུག་སྒྲིལ་ཞུས་ཡོད། གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཐའེ་ཝན་གྱི་སྐད་གྲགས་ཆེ་བའི་གསར་བསྒྱུར་བརྒྱུད་ལམ་ (Taipei Times, Taiwan News, Voice of America, Radio Free Asia) གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་འདྲ་མིན་ ༡༥ ཐོག་འཐོན་ཏེ་རྒྱལ་སྤྱིའི་ནང་བོད་ཀྱི་ཛ་དྲག་གནད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་ཐུབ་པ་བྱུང་ཡོད། དེ་བཞིན་ད་ལོའི་གསུམ་བཅུ་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་སྣ་མིན་གོ་སྒྲིག་ཞུས་ཡོད་ཅིང་། ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༣༠ ནས་ ༩།༣༠ བར་ཆུ་ཚོད་གཉིས་རིང་རྒྱལ་སྤྱིའི་གནས་བབ་འོག་བོད་དོན་གྱི་ཁ་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་གནད་དོན་ཅན་དུ་འགྱུར་ལུགས་དང་། རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་་བའི་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁག་ངོ་སྤྲོད། བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་རང་ཕྱོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཧ་ལམ་ཆུ་ཚོད་གཅིག་ཙམ་རིང་ངོ་སྤྲོད་ཞུས་པ་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ནས་ཐའེ་ཝན་དུ་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་གནང་རྗེས་མང་ཚོགས་གྱི་དྲི་བ་ཕེབས་པ་ཁག་ལ་ལན་འདེབས་ཞུས་པ་བཅས་བགྲོ་གླེང་ཚ་ཚ་འུར་འུར་བྱུང་ཡོད་པ་རེད།གཞན་ཡང་ཕྱི་ཟླ་ ༣ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༨།༠༠ པའི་ཐོག་ཨ་རིར་རྟེན་གཞི་བྱེད་པའི་འོད་གསལ་བརྒྱུད་ལམ་དང་རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་དྲ་ལམ་བགྲོ་གླེང་གོ་སྒྲིག་གནང་བ་དང་། ༧གོང་མོ་ཆུ་ཚོད་ ༡༠ པའི་ཐོག་ཡུ་རོབ་ཏུ་རྟེན་གཞི་བྱེད་པའི་ཡུ་རོབ་རང་དབང་རླུང་འཕྲིན་ནས་གོ་སྒྲིག་ཞུས་པའི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་དྲ་ལམ་བགྲོ་གླེང་ལ་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་སྟེ་རྒྱལ་སྤྱིའི་མཁས་དབང་ཁག་མཉམ་དུ་བོད་དོན་བགྲོ་གླེང་མཐིལ་ཕྱིན་ཞུས་ཡོད་པ་བཅས། །