༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་སྐལ་བཟང་མེ་ཏོག་སེམས་ཁམས་སྨན་བཅོས་དབྱེ་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༦ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་དང་སེམས་ཁམས་སྨན་བཅོས་བར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད། བགྲོ་གླེང་ཚོགས་འདུ་འདི་ཐོག་མཐའ་བར་གསུམ་དུ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་སློབ་དཔོན་ལྷ་རམས་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་། སྐལ་བཟང་མེ་ཏོག་སེམས་ཁམས་སྨན་བཅོས་དབྱེ་ཞིབ་ཁང་གི་འགན་འཛིན་སེམས་ཁམས་དབྱེ་ཞིབ་མ་ཁྲིན་ཅཱ་ལིང་ (Chen jialin) ལགས་རྣམ་གཉིས་ནས་གཙོ་སྐྱོང་གནང་ཡོད་ཅིང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཐའེ་ཝན་སེམས་ཁམས་སྨན་བཅོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གྲགས་ཅན་སེམས་ཁམས་སྨན་བཅོས་པ་སྐུ་ཞབས་ཝང་ཧའོ་དབུས་(Wang haowei) ལགས་རྣམ་གཉིས་ནས་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད་པ་རེད།བགྲོ་གླེང་ཚོགས་འདུ་དེར་བོད་བརྒྱུད་ནང་བསྟན་ཕྱོགས་ནས་ར་སྟོད་མཁན་ཟུར་ནིང་ཁེ་ (Nicholas Vreeland) ལགས་ནས་སོ་སོ་ནུབ་ཕྱོགས་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་ནས་ཆོས་སྒོར་ཇི་ལྟར་ཞུགས་ལུགས་དང་། ཆེད་ལས་པས་པར་ལེན་གྱི་ལམ་ནས་ཕང་ཌོ་ལ་སྒམ་ཆུང་ཞེས་འདོད་ཆགས་ཞེ་སྡང་གི་རྙོག་གྲའི་སྒམ་ཆུང་སྐོར་གསུང་བཤད་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཆོས་དགེ་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ནས་ཆུང་བྱིས་པའི་དུས་ནས་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་སྦྱོང་གི་བརྒྱུད་རིམ་ལས་དགོན་པའི་ནང་གི་འགྲོ་ལུགས་དང་། སེམས་ཁམས་ཀྱི་ཚོར་བ། མི་ལོ་ ༢༠ ཙམ་རིང་ཐའེ་ཝན་ཁྲ་ཁྲ་སིང་སིང་གི་སྤྱི་ཚོགས་དེར་གཞུང་ཆེན་སློབ་གཉེར་བྱེད་པའི་མཐོང་ཐོས་གྱི་མྱོང་ཚོར་བཅས་ནས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ནང་དུ་ནང་སེམས་ཀྱི་རྒྱུད་ལ་སྦྱོང་བརྡར་བྱས་སྟངས་སོགས་སྐོར་མི་ཚེའི་ནང་གི་རེ་བ་དང་། འདོད་སྲེད། རེ་བ་བརླགས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
ཉིན་རྒྱབ་ཀྱི་ཚོགས་ཐེངས་དང་པོ་ནི་སེམས་ཁམས་སྨན་པ་ལིའུ་ཧུའེ་ཆིང་ (Liu huiqing) ལགས་ནས་སེམས་ཁམས་སྨན་བཅོས་ཀྱི་གཞུང་ལུགས་ནས་སེམས་ཁམས་དབྱེ་ཞིབ་དང་སྨན་བཅོས་བྱས་སྟངས་དཔེ་བརྗོད་དང་བཅས་འགྲེལ་བཤད་མཐིལ་ཕྱིན་བྱས་པ་དང་། དེ་རྗེས་ལྷ་རམས་དགེ་བཤེས་ཟིལ་དཀར་རིན་པོ་ཆེ་ནས་བོད་བརྒྱུད་ནང་བསྟན་ཉམས་ལེན་དང་སེམས་ཁམས་སྨན་བཅོས་གཉིས་ཟུང་འབྲེལ་དཔེ་བརྗོད་དང་འབྲེལ། ནང་ཆོས་ནང་གི་འདོད་སྲེད་དང་། རེ་བ། རེ་བ་བརླགས་པའི་ངོ་བོ་དང་སེམས་ཁམས་སྨན་བཅོས་ནང་དུ་བཤད་བཞིན་པའི་འདོད་ཆགས་དང་རེ་བ། མཐའ་མ་རེ་བ་བརླགས་པའི་བར་གྱི་ཁྱད་པར་དང་དེར་གདོང་ལེན་བྱེད་ཕྱོགས་སོགས་སྐོར་གསུང་བཤད་གནང་ཡོད།
གསུང་བཤད་གནང་གྲུབ་རྗེས་སེམས་ཁམས་སྨན་པ་ལིའུ་ཧུའེ་ཆིང་ (Liu huiqing) ལགས་ཀྱི་གསུང་བཤད་སྐོར་ར་སྟོད་མཁན་ཟུར་ནིང་ཁེ་ལགས་དང་། ཟིན་དཀར་རིན་པོ་ཆེ། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་གསུམ་ནས་བགྲོ་གླེང་དང་ཕན་ཚུན་དྲི་བ་དྲིས་ལན་གནང་བ་མ་ཟད། མང་ཚོགས་ཀྱི་དོགས་འདྲི་ལ་ལན་འདེབས་ཞུས་པ་དང་། ཟིལ་དཀར་རིན་པོ་ཆེ་མཆོག་གི་གསུང་བཤད་གནང་བའི་བརྗོད་གཞིར་སེམས་ཁམས་སྨན་པ་ལིའུ་ཧུའེ་ཆིང་ (Liu huiqing) ལགས་དང་། སེམས་ཁམས་སྨན་པ་ལིང་ཆའི་ཤངས་ (Lin qiaoxiang) ལགས་གཉིས་ནས་བགྲོ་གླེང་དང་དྲི་བ་དྲིས་ལན། ཚོགས་བཅར་བའི་དོགས་འདྲིར་ལན་འདེབས་ཞུས་ཡོད།
བགྲོ་གླེང་ཚོགས་འདུའི་མཐའ་མའི་ལེ་ཚན་ནི་གསུང་བཤད་གནང་མཁན་དང་བགྲོ་གླེང་བ་ཡོངས་སྡིངས་ཆའི་སྟེང་བཞུགས་ཏེ་ཚོགས་བཅར་བ་ཡོངས་ཀྱི་དོགས་འདྲིར་བགྲོ་གླེང་དང་ལན་འདེབས་ཞུས་པ་དང་། དུས་མཚུངས་བགྲོ་གླེང་གཙོ་སྐྱོང་གནང་མཁན་གཉིས་ཀྱིས་ཀྱང་སེམས་ཁམས་སྨན་བཅོས་དང་ནང་ཆོས་གཉིས་བར་ཕན་ཚུན་ལེགས་ཆ་སྤེལ་རེས་གྱི་མྱོང་ཚོར་གསུངས་པ་མ་ཟད། མཐའ་མ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་སློབ་དཔོན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ངོ་སྤྲོད་དང་འབྲེལ། ཚང་མས་དྲན་རྟེན་གྱི་མཉམ་པར་སྒྲོན་ཏེ་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ནི་ཐའེ་ཝན་སེམས་ཁམས་སྨན་བཅོས་སྡེ་ཚན་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་དབར་སྤྱི་ནོར་༧གོང་ས་༧སྐྱབས་མཆོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་དང་། ནང་ཆོས་དང་སེམས་ཁམས་སྨན་བཅོས་བར་གྱི་བགྲོ་གླེང་སོགས་ཐའེ་ཝན་རྒྱ་ཡིག་སྤྱི་ཚོགས་སུ་དར་སྤེལ་གཏོང་ཆེད་ཐེངས་གསུམ་པ་ཆགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུ་ཆ་ཚང་ཨིན་རྒྱ་དང་། རྒྱ་བོད། བོད་རྒྱ་སྐད་ཡིག་ཐོག་སྒྲ་སྒྱུར་ཞུས་ཡོད་པ་དང་། ཚོགས་ཞུག་མི་སྣ་བརྒྱ་ཙམ་བྱུང་བ་ཚང་མས་དོ་སྣང་ཆེན་པོའི་ཐོག་མུ་མཐུད་བསྐོང་ཚོགས་ཡོང་བའི་རེ་བསྐུལ་ཞུ་བཞིན་འདུག་པ་མ་ཟད། ཚོགས་འདུ་གོ་སྒྲིག་གནང་མཁན་ཕྱོགས་ནས་ཆེད་དུ་ཚོགས་འདུའི་རྒྱབ་ལྗོངས་བརྙན་ཡོལ་ཐོག་བཙན་བྱོལ་བོད་མིར་གདུང་སེམས་མཉམ་སྐྱེད་ལག་དེབ་སྔོན་པོ་དང་། གངས་ལྗོངས་དཔེ་སྐྲུན་ཁང་། དོན་ཁང་གི་ནང་ཆོས་འཛིན་གྲྭ་བཅས་ཀྱི་ཁྱབ་བསྒྲགས་རྒྱུན་ཆད་མེད་པར་སྤེལ་ཡོད་པ་དང་། གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དེབ་ཁག་ཀྱང་ཚོགས་འདུའི་འཁོར་ར་ཀོར་ཡུག་ཏུ་འགྲེམ་སྟོན་བྱས་ཏེ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་ཡོད་པ་དང་བཅས། །