༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༥ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ (Ishikawa Akimasa) ལགས་དང་མཇལ་འཕྲད་གནང་ཡོད།
དེ་ཡང་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ལགས་ལ་ཉེ་ལམ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་བསྐོང་ཚོགས་གནང་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བསྒྲགས་གཏམ་དང་ལག་བསྟར་འཆར་གཞི་ཁག་འགྲེལ་བརྗོད་གནང་བ་མ་ཟད། འཆར་གཞི་དེ་དག་ལག་བསྟར་ཡོང་བར་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད།
དེ་བཞིན་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་རྒྱ་ནག་གཞུང་གིས་མུ་མཐུད་ཐེ་བྱུས་བྱེད་བཞིན་པའི་སྐོར་དང་། བོད་ནང་རྒྱ་ནག་གཞུང་ནས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་གི་བོད་ཕྲུག་ཚོའི་གནས་སྟངས་ཛ་དྲག་ཡིན་པའི་སྐོར་དང་། ཉེ་ཆར་བོད་ཤར་ཕྱོགས་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་ཆེད་བཙན་གྱིས་དགོན་པ་རྣམས་གཏོར་བཤིག་དང་། མི་མང་གནས་སྤོ་བྱེད་བཞིན་པར་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མི་མང་དག་ཅིག་འཛིན་བཟུང་བྱས་སྐོར་འགྲེལ་བརྗོད་གནང་པར་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ལགས་ཀྱིས་ཁམས་སྡེ་དགེ་ཁུལ་དུ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་དང་འབྲེལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་འཆར་གཞི་དེ་དག་ལག་བསྟར་སླད་མཐུན་འགྱུར་ཆ་ཚང་ཞུ་རྒྱུའི་ཁས་ལེན་གནང་ཡོད།
གཞན་ཡང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་པ་བཅས། །