༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༠ ཉིན་ཉི་འོང་གི་རྒྱལ་ས་ཊོག་ཡོར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ སྲུང་བརྩི་ཞུས་ཡོད། སྐབས་དེར་ཡུ་གུར་དང་། ལྷོ་སོག་གི་མི་རིགས་ཀྱང་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་བོད་ཀྱི་རྒྱལ་གླུ་བླངས་གྲུབ་མཚམས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གུས་འདུད་མཚོན་ཆེད་ངག་བཅད་མྱ་ངན་སྐར་མ་གཅིག་རིང་གནང་། དེ་རྗེས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་དེ་རིང་གི་ཉིན་མོ་འདི་སྲུང་བརྩི་ཞུས་པ་ནི་བོད་ཀྱི་རང་དབང་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་དང་། རྒྱ་ནག་གི་འགོ་ཁྲིད་ཚོར་བོད་མི་ཚོས་སོ་སོའི་རྒྱལ་ཁབ་མ་བརྗེད་པར་དྲན་གསོ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། ཞེས་དང་།
དེ་ནསཉི་འོང་སྐད་ནང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་སྦྲགས། ཉི་འོང་གཞུང་དང་། གྲོས་ཚོགས་འཐུས་མི། ཉི་འོང་མི་མང་རྣམས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ཉི་འོང་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཤེས་རབ་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ཚེ་རིང་རྡོ་རྗེ་ལགས་གཉིས་ཀྱིས་བོད་ནང་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་བཅས་རྩ་གཏོར་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་།
དེ་ནས་མི་མང་ལངས་གླུ་བླངས་གྲུབ་མཚམས་ཞི་བའི་གོམ་བགྲོས་གནང་ཞིང་། བོད་ལ་རང་དབང་དགོས་པ་དང་། བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པ་སོགས་སྐད་འབོད་ཤུགས་ཆེ་གནང་ཡོད། ཉིན་རྒྱབ་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་དང་། བཀའ་ཤག་གི་གསུང་འཕྲིན་གཞུང་ཚབ་ཁང་གི་ཡིག་སྣོད་དུ་བླུགས་ཡོད།
ཕྱི་དྲོ་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལྷོ་ཀོ་རི་ཡའི་བོད་རིགས་རྣམས་ནས་གོ་སྒྲིག་ཞུས་པའི་དྲྭ་ཐོག་ཚོགས་འདུ་མཉམ་ཞུགས་གནང་ཏེ་དུས་དྲན་སྲུང་བརྩི་དང་། བོད་ཀྱི་རྒྱལ་གཅེས་དཔའ་དཔའ་མོ་རྣམས་ལ་གུས་འདུད་མཚོན་ཆེད་ཚོགས་ཡོད་པ་བཅས།།