༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༧ ཉིན་ཁེ་ན་ཌའི་མངའ་སྡེ་ཨོན་ཊ་རིའོ་ཡི་ལིནཌ་སེ་ (Lindsay) ནས་ཡིན་པའི་རབ་རྒྱས་ཁྱིམ་ཚང་ལ་ཁེ་ན་ཌ་གཞུང་གི་སྤྱི་ཁྱབ་སྲིད་སྐྱོང་མེ་རི་སཱའི་མོན་མཆོག་ནས་ཆེས་མཐོའི་གཟེངས་རྟགས་ (Meritorious Service Cross) ཕུལ་ཡོད་པ་རེད།
དེ་ཡང་གཟེངས་རྟགས་འདི་ནི་ཁེ་ན་ཌའི་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན་ཞིང་། དེ་ནི་ཁེ་ན་ཌ་ལ་གཟི་བརྗིད་ལྡན་པའི་ལས་དོན་ཁྱད་པར་ཅན་བསྒྲུབས་པའི་མི་སྒེར་ལ་ངོས་འཛིན་བྱེད་ཆེད་དང་། གཞན་ལ་མིག་དཔེ་སྟོན་ཆེད། ཡུལ་མིའི་མི་ཚེ་གོང་མཐོར་གཏོང་བའི་ལས་དོན་སྒྲུབ་མཁན་ལ་ཕུལ་བ་ཤིག་ཡིན།
ཕུན་ཚོགས་རབ་རྒྱས་ལགས་དང་། ཚེ་རིང་སྒྲོལ་དཀར་རབ་རྒྱས་ལགས། བློ་བཟང་རབ་རྒྱས་ལགས། བཀྲ་ཤིས་རབ་རྒྱས་ལགས་བཅས་ཀྱིས་མི་ཚེ་ཧྲིལ་པོར་བོད་ནང་གི་བོད་མི་རྣམས་ལ་ཞབས་འདེགས་ཞུས་པ་དང་ནུས་སྟོབས་སྤེལ་བ་བཅས་ཀྱི་ཆེད་དུ་གཟེངས་རྟགས་ཕུལ་ཡོད། དེ་བཞིན་མ་གཅིག་ (Machik) ཚོགས་པ་དབུ་འཛུགས་གནང་བར་ལིནཌ་སིའི་དང་། བྱང་ཨ་རིའི་བོད་མིའི་ཁྲོད་དུ་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་ཡོད།མངའ་སྡེའི་སྤྱི་ཁྱབ་སྲིད་སྐྱོང་མེ་རི་སཱའི་མོན་མཆོག་གིས་རང་ཉིད་ཀྱི་ཡུལ་སྐད་ཨི་ནུ་ཁུ་ཊུ་ཊི་དང་། ཨིན་སྐད། ཧྥ་རན་སིའི་སྐད་ཐོག་ནས་གཟེངས་རྟགས་ཀྱི་གསུང་བཤད་གནང་། ཁོང་ནི་ཨི་ནུ་ཊུ་ཊི་མི་རིགས་ཞིག་གིས་ཁེ་ན་ཌའི་མངའ་སྡེའི་སྲིད་སྐྱོང་གི་ལས་གནས་བཟུང་བ་ཐོག་མ་ཡིན།
ཆེས་མཐོའི་གཟེངས་རྟགས་འདི་ནི་ཕྱོགས་རིས་བྲལ་བའི་སྒོ་ནས་འོས་འདེམས་གཟབ་ནན་གྱིས་བྱེད་དགོས་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྱིས་མཐའ་མའི་བཀའ་འཁྲོལ་མ་གནང་གོང་འོས་མི་རྣམས་ལ་རང་དབང་ལྡན་པའི་སློབ་སྟོན་ཚོགས་ཆུང་ཞིག་གིས་ཞིབ་འཇུག་དང་བསྐྱར་ཞིབ་ཐར་ཕྱིན་པ་བྱེད་དགོས།
རབ་རྒྱས་ཁྱིམ་ཚང་གིས་བོད་དང་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཡར་རྒྱས་གཏོང་བའི་ཐོག་ལ་མི་ཚེ་ཧྲིལ་པོར་འབད་བརྩོན་གནང་ཡོད་པ་དང་། སྤྱི་ཚོགས་ཀྱི་འདུ་ཤེས་གོང་མཐོར་གཏོང་བ། བཟང་སྤྱོད་ཀྱི་ལས་དོན་སྤེལ་བ་བཅས་ལ་ཞབས་འདེགས་ཞུས་ཡོད་པ་བཅས།།