དེ་མིན་ཡང་མི་རེ་རེ་བཞིན་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་དང་། གལ་ཆེའི་དྲི་བར་ལན་འདེབས་མ་བྱས་པ་ཡིན་ཚེ་འགྲམ་ལྕག་གཞུས་པ་དང་། ཡང་ན་ཉེས་རྡུང་དྲག་པོ་བཏང་པའི་གནས་ཚུལ་བྱུང་ཡོད་པས། འདྲི་རྩད་བྱས་པའི་མི་ཧ་ལམ་ཚང་མར་ཉེས་རྡུང་ཕོག་འདུག་པ་དང་། ཕྱི་ཚེས་ ༢༤ ཉིན་སྨན་ཁང་ལ་བསྐྱལ་པའི་དབོན་སྟོད་དགོན་པའི་དགེ་འདུན་པ་ཞིག་ལ་ཉེས་རྡུང་བཏང་ནས་སྐད་ཆ་ཡང་བཤད་མི་ཐུབ་པ་དང་། སྒལ་པར་སྨུག་ཐིག་གིས་ཁེངས་ཡོད་འདུག
བོད་མི་དོ་དམ་བཀག་ཉར་བྱེད་སའི་དབོན་སྟོད་ཁུལ་དུ་ཕྱི་ཕྱོགས་ནས་ཆེད་མངགས་བཏང་པའི་ཉེན་རྟོག་པ་ཧ་ཅང་མང་པོ་སླེབས་ཡོད་པ་དང་། ཕྱི་ནས་ཡོང་བའི་ཉེན་རྟོག་རུ་ཁག་རེ་རེ་གྲོང་ཚོ་རེ་རེའི་ནང་ལྟ་སྲུང་གི་འགན་ཁུར་བླངས་ཏེ་དྲག་གནོན་བྱེད་བཞིན་ཡོད་པ་དང་། ཡང་དབོན་པོ་སྟོད་དང་ཡེ་ན་དགོན་ཁུལ་དུ་ཏོག་དབྱིབས་འགོས་ནད་ཁྱབ་གདལ་ཕྱིན་པའི་སྐབས་བཀག་བསྡོམས་བྱས་པ་བཞིན་མི་སུ་ཞིག་ཀྱང་ཁང་པའི་ཕྱི་ལ་ཐོན་མི་ཆོག་པ་བཟོས་འདུག
རིང་མིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་དང་ ༢༠༠༨ ལོའི་ཟླ་༣ ཚེས་ ༡༤ ཉིན་རྒྱལ་ས་ལྷ་སར་ས་བྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དུས་ཚིགས་ཚེས་ལ་ཉེ་བར་བརྟེན་ཉེན་རྟོག་པས་འཛིན་བཟུང་བྱས་པའི་དགེ་འདུན་པར་འདྲི་རྩད་བྱེད་སྐབས་དྲག་སྤྱོད་པ་ཟེར་མིང་བཏགས་ནས་ཁོང་ཚོས་གསུམ་གཅིག་བཞི་ཟེར་བའི་དྲག་ཟིང་སློང་རྩིས་བྱེད་ཀྱི་ཡོད་ཚུལ་སྙན་འདོག་བྱས་ཡོད་འདུག དོན་དངོས་ཐོག་དམིགས་བསལ་སྦྱོང་བརྡར་སྤྲད་པའི་ཉེན་རྟོག་དམག་མི་སླེབས་པ་དང་ལམ་སེང་འཛིན་བཟུང་བྱས་པ་མ་ཟད། ད་དུང་དགེ་འདུན་པ་དང་གྲོང་ཚོའི་མང་ཚོགས་འཛིན་བཟུང་བྱེད་སྐབས་ཞུ་བ་འཐེན་པ་ལས་ཉེན་རྟོག་པར་དྲག་པོའི་འཐབ་རྒོལ་གྱིས་འཛིང་རེ་བཏང་པ་སོགས་ཀྱི་གནས་ཚུལ་བྱུང་མེད་ན་ཡང་ད་ཆ་ཁོང་ཚོས་དྲག་སྤྱོད་པ་ཟེར་བའི་ཉེས་མིང་བཙུགས་ཀྱི་ཡོད་པ་འདི་ནི་ཞེད་སྣང་སྐྱེས་དགོས་པ་ཞིག་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
གཞན་ཡང་དབོན་སྟོད་ཁུལ་དང་ཡེ་ན་དགོན་པ་ཁུལ་གྱི་མི་ཡིན་ཕྱིན་ཁོང་ཚོའི་སྤུན་མཆེད་གཞུང་ཞབས་ལས་བྱེད་ཡོད་ཚེ་ཚང་མར་ཁ་པར་ཐོག་ནས་ཉེན་བརྡ་བཏང་ཡོད་པ་དང་། གལ་སྲིད་ཁ་ལ་མ་ཉན་ན་སྒྲིག་གཞིའི་ལམ་ལུགས་བཞིན་གླ་ཕོགས་གཅོག་རྒྱུ་དང་རྒན་ཕོགས་གཅོག་རྒྱུ་ཡིན་པ་སོགས་བརྗོད་འདུག
༢༠༢༤ ཟླ་ ༢ ཚེས་ ༢༣ ཉིན་བརྡ་འཕྲིན་གྱི་བརྡ་རྟགས་ཕྲན་བུ་ཡོད་རུང་ཚེས་ ༢༤ ཉིན་བརྡ་རྟགས་ཚང་མ་མེད་པ་དང་། ད་ལྟ་སྨན་ཁང་དུ་བསྐྱལ་པའི་མི་ཚོ་དང་ཕྱི་ཕྱོགས་སུ་འབྲེལ་བ་མེད་པ་བཟོས་པའི་ཐོག་སྨན་བཅོས་ཟིན་པའི་མི་དག་ཀྱང་སྨན་ཁང་ནས་ལོག་མ་བཅུག་པར་ཉེན་རྟོག་པའི་ལྟ་ཞིབ་འོག་བཞག་ཡོད་འདུག སྨན་ཁང་འདི་ཡང་བཀག་ཉར་ཁང་ལྟ་བུ་ཞིག་ཆགས་ཡོད་པ་དང་། ཚེས་ ༢༤ ཉིན་མུ་མཐུད་ཉེས་རྡུང་ཕོག་པའི་མི་སྣ་སྨན་ཁང་དུ་འབྱོར་བཞིན་ཡོད་འདུག