༄༅། །འདི་གར་སྦན་ད་ར་ས་འགོ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་སྦན་ད་ར་ནོར་རྒྱས་གླིང་གི་ས་འགོ་ཟུར་པ་དོན་གྲུབ་བཟང་པོ་ལགས་དང་ས་འགོ་ཚབ་གསར་བློ་གྲོས་བཟང་པོ་ལགས་གཉིས་བར་གྱི་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད་པ་རེད།
སྐབས་དེར་ནང་སྲིད་སྐུ་ཚབ་ས་གནས་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས་ཀྱིས་སྤྲོད་དཔང་གནང་ཞིང་། ས་འགོ་ཟུར་པ་དོན་གྲུབ་བཟང་པོ་ལགས་ཀྱིས་ཐད་ཀར་བདག་གཉེར་འོག་ཡོད་པའི་གཞུང་གི་ཡིག་ཆ་ཁག་དང་དེབ་རིགས། ཅ་དངོས་རྣམས་འཚེམས་ལུས་མེད་པར་ས་འགོ་ཚབ་གསར་བློ་གྲོས་བཟང་པོ་ལགས་ལ་རྩིས་སྤྲོད་ཁམས་གཙང་གནང་ཡོད།
རྩིས་སྤྲོད་རྩིས་ལེན་གྲུབ་རྗེས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩། ༣༠ ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་གཙོ་ཚོགས་གཞོན་ཚང་འཛོམས་ཐོག་ས་འགོ་གསར་རྙིང་བར་གྱི་ཞབས་སྟེགས་བརྗེ་ལེན་གྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། དེ་རྗེས་ས་འགོ་ཚབ་གསར་བློ་གྲོས་བཟང་པོ་ལགས་ཀྱིས་མང་ཚོགས་ལ་རང་ཉིད་ངོ་སྤྲོད་དང་མ་འོངས་ལས་དོན་བྱེད་འཆར་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། ད་རེས་ས་གནས་འགོ་འཛིན་གསར་རྙིང་བར་གྱི་རྩིས་སྤྲོད་རྩིས་ལེན་ཡིད་ཚིམས་པ་ཞིག་བྱུང་ཡོད་པ་སྙན་སེང་ཞུས་ཡོད་པ་བཅས།།