༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་མངའ་སྡེ་ཁག་ཅིག་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་བོད་མིའི་སིལ་ཚོང་ཁྲོམ་ས་ཀཱ་ལིང་གུ་ཊི་(Calangute)དང་། བྷ་གྷ་(Baga)ས་གནས་གཉིས་ཀྱི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རབ་བརྟན་ལགས་གཙོས་པའི་འཐུས་མི་ ༦ སྤྱི་འཐུས་རྣམ་པ་བཞུགས་གནས་མགྲོན་ཁང་དུ་བཅར་ཏེ་ས་གནས་ཀྱི་དཀའ་ངལ་ཁག་ཅིག་ཞུས་པར། སྤྱི་འཐུས་རྣམ་པས་ཐེངས་འདིར་དཔོན་རིགས་ཚོར་ཐུག་འཕྲད་སྐབས་སིལ་ཚོང་འཐུས་མི་མཉམ་བཅར་ཐུབ་ན་ལེགས་ཚུལ་ལམ་སྟོན་གནང་པ་ལྟར། ཚོང་པ་བསོད་ནམས་དབང་མོ་ལགས་དང་ཉི་མ་ཚེ་རིང་ལགས། རྐང་སྔ་ལགས་དང་སྦྱིན་པ་ལགས་བཅས་ཉིན་ལྟར་མཉམ་བཅར་ཞུས་ཏེ་བོད་མི་སིལ་ཚོང་བ་ཚོའི་དཀའ་ངལ་ཞུ་ཐུབ་པ་བྱུང་སྟེ། ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོས་ཕྱག་རོགས་ནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་(Goa)མངའ་སྡེའི་འཕྲོད་བསྟེན་དང་གྲོང་གསེབ་ཡར་རྒྱས་བློན་ཆེན་སྐུ་ཞབས་(Vishwajit Rane)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་དོན་ཚན་ ༡༠ འཁོད་པའི་ཡིག་ཆ་བཅས་ཕུལ་ཡོད་ཅིང་། དེའི་རྗེས་ཁོང་གི་ཡབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་(Pratapsingh Ran)མཆོག་ལ་མཇལ་འཕྲད་སྐབས། ཉིན་དེར་ཁོང་དགུང་གྲངས་ ༨༥ བཞེས་པའི་སྐྱེས་སྐར་ལ་འཁེལ་ཡོད་སྟབས་ཧ་ཅང་དགྱེས་ཚོར་ཆེན་པོ་གནང་ཡོད་འདུག ཁོང་ནི་ ༡༩༦༡ ལོར་གྷོ་ཝ་ས་ཁུལ་ཡོ་རོབ་ཕོར་ཆུ་གྷུལ་(Portugal)གྱི་མི་སེར་སྤེལ་ཡུལ་འོག་ནས་རང་དབང་འཐབ་རྩོད་གནང་མཁན་གྲས་དང་། གྷོ་ཝ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཐེངས་ ༧ གནང་མྱོང་མཁན་གྱི་མི་སྣ་བྱས་རྗེས་ཅན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་སློབ་དཔོན་ཆེན་མོ་ཨེམ་བྷེ་ཊྲ་ཀར་(Dr.B.R. Ambedkar)མཆོག་གི་རྗེས་འཇུག་ནང་པའི་ཚོགས་པ་(Vishwabhushan Samiti)ཞེས་པའི་རྒྱུན་ལས་གསར་འདེམས་སྟེང་མགྲོན་འབོད་གནང་བ་ལྟར་བཅར་ཏེ། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་སྤྱི་འཐུས་རྣམ་པའི་ལས་དོན་ངོ་སྤྲོད་དང་། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་ཚུལ། སྤྱི་འཐུས་ལྷ་རམས་པ་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་ཅིང་། མཇུག་ཏུ་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་(Sh.Satish S Kargaonkar)མཆོག་དང་ཚོགས་གཙོ་རྙིང་པ་སྐུ་ཞབས་(Sk Jadhav)མཆོག དྲུང་ཆེ་སྐུ་ཞབས་(Sh.Nikhil Prajakte)ལགས་བཅས་ལ་ཁ་བཏགས་སྒྲོན་འབུལ་བཅས་ཞུས་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་(Goa University)གི་སློབ་དཔོན་ཆེན་མོ་ལྕམ་སྐུ་(Prof.Joanna P.Coelho)མཆོག་གིས་གོ་སྒྲིག་གནང་བ་ལྟར། སློབ་གཉེར་ཁང་དེའི་སྤྱི་ཚོགས་ཚན་རིག་སྡེ་ཚན་དུ་༼བོད་ཇི་ཙམ་རྒྱ་གར་ལ་གལ་ཆེ་བ།༽ཞེས་པའི་བརྗོད་གཞིའི་ཐོག་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་གཏམ་བཤད་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སློབ་ཕྲུག་རྣམས་ལ་ངོ་སྤྲོད་གནང་ཡོད་ཅིང་། དེ་རྗེས་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་གྷོ་ཝ་བྷེ་ཇི་ཕི་(BJP)ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Sadanand Tanavade)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་ཡིག་ཆ་ཁག་ཕུལ་ཡོད་འདུག ཉིན་རྒྱབ་སྤྱི་འཐུས་རྣམ་པ་གྷོ་ཝ་མངའ་སྡེ་གྲོས་ཚོགས་འཐུས་མི་དང་ཕྱོགས་འགལ་ཀཱོང་རེ་སི་(Congress)ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Yuri Alemao)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་འབྲེལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་བཞུགས་སྒར་དྷ་རམ་ས་ལར་མགྲོན་འབོད་བཅས་ཞུས་སྐབས། ཁོང་གིས་ཧ་ཅང་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། གནས་ཚུལ་དེ་དབྱིན་ཡིག་དང་ཧིན་རྡི་གཉིས་ཐོག་གསར་འགྱུར་བརྒྱུད་ལམ་དང་ངོ་དེབ་སོགས་སུ་སྤེལ་ཡོད་འདུག
ཉིན་དེའི་ཕྱི་དྲོར་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Sh.Ramesh Tawadkar)མཆོག་ལ་མཇལ་འཕྲད་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་ཡིག་ཆ་སོགས་ཕུལ་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ཁོར་ཡུག་གནས་སྟངས་དང་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭའི་སྐོར་སོགས་ངོ་སྤྲོད་ཞུས་སྐབས། ཚོགས་གཙོ་མཆོག་གིས་བོད་པའི་སྤྱི་འཐུས་རྣམ་པ་ཁོང་གི་མངའ་སྡེའི་ནང་ཕེབས་པར་དགའ་བསུ་དང་། བོད་རྒྱའི་གནད་དོན་དེ་བོད་པ་ཙམ་མིན་པར་རྒྱ་གར་གྱི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་སྟབས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གང་ཐུབ་ཞུ་ངེས་ཡིན་སྐོར་སོགས་གསུངས་གནང་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོར་གྷོ་ཝ་མངའ་སྡེ་ཀཱོང་རེ་སི་(Congress)ཆབ་སྲིད་ཚོགས་པའི་དྲུང་ཆེ་སྐུ་ཞབས་(Savio Desouza)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཞུས་ཤིང་། ཉིན་དེ་ནི་བདག་ཉིད་ཆེན་པོ་གྷན་དྷི་མཆོག་སྐུ་གཤེགས་ཏེ་ལོ་ངོ་ ༧༦ འཁོར་བའི་ཉིན་མོར་འཁེལ་ཡོད་སྟབས། ཚོགས་པའི་ལས་ཁུངས་ནང་མྱ་ངན་དུས་དྲན་སྲུང་བརྩི་ཞུ་བཞིན་པར་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད་ཅིང་། ཉིན་རྒྱབ་གྷོ་ཝ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་(Joshua Desouza)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་འབྲེལ་ས་གནས་བོད་མི་སིལ་ཚོང་བའི་དཀའ་ངལ་ཞུས་སྐབས། ཁོང་བོད་མི་སིལ་ཚོང་བ་ཚོར་རྗེས་ལ་ཟུར་དུ་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་ཞལ་བཞེས་ཐོ་འགོད་བཅས་གནང་ཡོད་འདུག
ཉིན་དེའི་ཕྱི་དྲོར་མངའ་སྡེའི་བྷི་ཇེ་པི་(BJP)ཆབ་སྲིད་ཚོགས་པའི་ལས་ཁུངས་ནང་མངའ་སྡེའི་སྤྱི་ཚོགས་བདེན་དོན་བློན་ཆེན་སྐུ་ཞབས་(Subhash Phal Desai)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཞུས་སྐབས། ཁོང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ། ད་ལྟ་རྒྱ་ནག་གཞུང་གིས་བོད་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པ་དེ་དག་བདེན་པ་མིན་སྟབས། གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་ངེས་ཡིན་སྐོར་སོགས་ཞལ་བཞེས་གནང་ཡོད་འདུག སྐབས་དེར་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་བ་དང་། དེ་སྔ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གནང་མྱོང་བ་སྐུ་ཞབས་(Vinay Tendulkar)མཆོག་ལ་མཇལ་འཕྲད་དང་། ཉིན་དེའི་ཕྱི་དྲོར་སྤྱི་འཐུས་རྣམ་པ་གྷོ་ཝ་ཀཱ་ལིང་གུ་ཊ་(Calangute)ས་གནས་བོད་མིའི་སིལ་ཚོང་ཁྲོམ་སར་གཟིགས་སྐོར་གནང་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་གྷོ་ཝ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(Dr.Puneet Kumar Goel)མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟག་དང་ཡིག་ཆ་བཅས་ཕུལ་སྐབས། དྲུང་ཆེ་མཆོག་གིས་ཁོང་དེ་སྔ་ནས་བོད་དོན་ལ་རྒྱུས་མངའ་ཡོད་སྐོར་དང་། ༧གོང་ས་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་སྐབས་ཁོང་ས་གནས་དེའི་རྫོང་དཔོན་ཡིན་ཞིང་། མོན་པ་མི་མང་གིས་༧གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་པ་སོགས་གསུངས་ཤིང་། བོད་མིའི་ཁྲོམ་སའི་སྐོར་ཡང་ལས་བྱེད་ཅིག་ལ་མངག་ཆ་བྱས་ཏེ་དཀའ་ངལ་སེལ་ཐུབ་བྱ་དགོས་ཚུལ་གསུངས་གནང་ཡོད་འདུག
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་ཐེངས་འདིར་སྤྱི་འཐུས་རྣམ་པ་རྒྱ་གར་མ་ཧཱ་ར་ཤི་ཊྲ་ (Maharashtra) དང་། ཏེ་ལང་གྷ་ན་ (Telangana)། གྷོ་ཝ་ (Goa) བཅས་མངའ་སྡེ་གསུམ་ནང་བོད་དོན་གོ་རྟོགས་དང་ཞུ་སྐུལ་ལས་འགུལ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་མཁའ་ལམ་བརྒྱུད་ལྡི་ལིར་ལོག་ཡོད་པ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། ཐེངས་འདིའི་བོད་དོན་ཞུ་སྐུལ་ལས་འགུལ་ཐོག་ཕྱག་རོགས་ཞུ་མཁན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན། རྒྱ་གར་བོད་དོན་རྒྱབ་སྐོར་ཚོགས་པ་(Regional Convener Core Group For Tibetan Cause)ཞེས་པའི་འཐུས་མི་སྐུ་ཞབས་(Sandesh Meshram)བོད་མིང་བསམ་གཏན་ཡེ་ཤེས་ལགས་བཅས་ཁོངས་སོ་སོར་ལོག་ཕེབས་གནང་ཡོད་པ་བཅས།།