༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་རིང་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས་སོགས་མཛད་གཙོ་རྣམ་པ་མཉམ་ཞུགས་གནང་ཡོད།དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikulas Peksa) མཆོག་གིས་ཕེབས་བསུའི་གསུང་བཤད་གནང་རྗེས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་ཐོག་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་དོ་སྣང་བྱེད་བཞིན་པ་ནི་ང་ཚོས་བོད་མི་རིགས་ཀྱིས་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་གསོན་པོར་གནས་ཐབས་སུ་ཁོང་རྣམ་པའི་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བོད་མིར་དགའ་ཞེན་རྐྱེན་པས་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་གནང་གིས་ཡོད་ཅེས་དང་།དེ་བཞིན་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་གནད་དོན་ཙམ་མིན་པར་འགྲོ་བ་མིའི་རིགས་སྤྱི་ལ་ལེགས་སྐྱེས་འབུལ་བའི་ནུས་པ་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་དོན་ངོ་མར་འཛམ་གླིང་གི་སེམས་ཁུར་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་སོགས་བཀའ་སྩལ་ཡོད།དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་སྐུ་ཧེ་ཌི་ཧོ་ཊ་ལཱ་ (Heidi Hautala) མཆོག་གི་བརྙན་འཕྲིན་བརྒྱུད་འཚམས་འདྲིའི་གསུང་བཤད་གནང་ཡོད། ཁོང་གིས་ང་ཚོ་ནི་དཀའ་ངལ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་དུས་སྐབས་ཤིག་གི་ནང་ཡོད་པ་དང་། སྐབས་རེ་འཛམ་གླིང་གིས་དཀའ་ངལ་གཅིག་ཁོ་ནར་དོ་སྣང་བྱེད་པ་ལས་དཀའ་ངལ་གཞན་ལ་སྣང་མེད་བཏང་གི་ཡོད་པའི་ཚོར་སྣང་འབྱུང་སྲིད་ལ། གང་ལྟར་ངོས་ཀྱིས་དེ་རིང་ཁྱེད་རྣམ་པ་ཚང་མར་ཡུ་རོབ་གྲོས་ཚོགས་ཀྱིས་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་ན་སེམས་ཤུགས་འཕེལ་རྒྱུ་རེད།ཕྱི་ཟླ་ ༡༢ པའི་ནང་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཁག་དང་། ལྷག་པར་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། དེ་བཞིན་ཡུ་རོབ་མཐུན་ཚོགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་སླར་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་དུ་འགོ་བཙུགས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་འབོད་སྐུལ་བྱེད་དགོས་པ་སོགས་གསུངས་ཡོད།དེ་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Hans-Gert Pottering) མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་དང་། བོད་མིའི་བདེ་དོན་ལ་བལྟ་སྐྱོང་བྱེད་རྒྱུ་གཉིས་ཀྱི་ཐོག་ལས་དོན་གནང་བཞིན་པ་དང་། འདས་པའི་ལོ་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་རྒྱལ་ཁབ་ཁག་ ༢༤ ལྷག་ལ་བཅར་ནས་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་མང་པོ་མཇལ་འཕྲད་ཀྱིས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང་། ད་ལྟ་རྒྱ་ནག་གཞུང་གི་བཙན་འོག་གནས་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པར་དེ་ལྟར་ངོས་འཛིན་གནང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་སོགས་དང་། དེ་བཞིན་བཀའ་ཤག་གི་མ་འོངས་ཕུགས་དམིགས་ཡིག་ཆའི་སྐོར་ལའང་སྙིང་བསྡུས་ཤིག་གསུང་གནང་ཡོད།ཚོགས་འདུ་དབུ་འབྱེད་མཛད་སྒོའི་གཙོ་སྐྱོང་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱི་གནང་བ་དང་། ཚོགས་འདུ་གོ་སྒྲིག་གནང་མཁན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། སྦར་སིལ་སྐུ་ཚབ་དོན་ཁང་ནས་མཐུན་རྐྱེན་སྦྱར་གནང་ཡོད།ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༤༠ ལྷག་ཙམ་ནས་གྲོས་ཚོགས་འཐུས་མི་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ། མང་གཙོ་དོན་གཉེར་བ། རྒྱ་ནག་ཐོག་ལ་མཁས་པ། ཤེས་ཡོན་ཅན་སོགས་ཚོགས་བཅར་བ་ ༡༧༠ ཙམ་ལྷན་འཛོམས་ཀྱིས་ཉིན་གྲངས་གསུམ་གྱི་རིང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གནས་སྟངས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་ཁབ་ཁག་གི་གཞུང་དང་། ཆབ་སྲིད་མི་སྣ། བསམ་མཛོད་ལྟེ་གནས་ཁང་། ཤེས་ཡོན་ཅན། གསར་འགྱུར་བརྒྱུད་ལམ། གཞི་རིམ་མང་ཚོགས་བཅས་ཀྱི་ཆབ་སྲིད་རྒྱབ་སྐྱོར་ཐོབ་ཐབས་སུ་གྲོས་བསྡུར་དང་ལས་དོན་འཆར་གཞི་འགོད་རྒྱུ་སོགས་གནང་རྒྱུ་རེད་འདུགཉིན་དང་པོར་ཚོགས་བཅར་བ་ཚོར་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭའི་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས། ཁོར་ཡུག་གཏོར་ཤིག ལྟ་སྲུང་དམ་དྲག་དང་གནས་ཚུལ་སྟངས་འཛིན་སོགས་ཀྱི་ཐོག་ལ་གཏམ་བཤད་ཀྱི་ལས་རིམ་དང་། ཉིན་གཉིས་པར་ཚོགས་བཅར་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས། ཉིན་གསུམ་པའི་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི་གཏན་འབེབ་གནང་རྒྱུ་ཡིན་འདུག
གསར་གནས།
འབྲེལ་གནས།