༄༅། །བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་ལོ་གསར་གྱི་རྟེན་བྱུང་དགའ་སྟོན་ལ་ངས་ང་རང་སྒེར་དང་། བོད་མིའི་སྒྲིག་འཛུགས་ཁྲིམས་ལུགས་དབང་འཛིན་གྱི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་ཞིང་བརྩེ་བའི་ལོ་གསར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་གི་ཡོད།
ལོ་གསར་འདིའི་ནང་བོད་རིགས་སྤུན་ཟླ་ཡོངས་རྫོགས་སྐུ་ཁམས་གསལ་ཐང་དང་། ཚེ་བསོད་སྟོབས་འབྱོར་འཕེལ་ཞིང་རྒྱས་པ། དེ་བཞིན་ལས་དོན་ཐམས་ཅད་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་ཆེད་དམ་ཚིག་ཟོང་ཁ་ཆིག་སྒྲིལ་གྱིས་སེམས་ཤུགས་སྐྱེ་རྒྱུ་དང་འབད་འབུངས་གནང་རྒྱུ་གལ་ཆེན་ཡིན་པ་མཁྱེན་གསལ་ལྟར། ཚང་མས་དེ་ལྟར་འབད་འབུངས་གནང་སྐྱོང་ཡོང་བར་གསོལ་འདེབས་ཞུ་གི་ཡོད།
མཐའ་དོན་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་ཤར་བའི་མཆོག་གསུམ་ལ་སྨོན་ལམ་ཤུགས་དྲགས་ཞུ་གི་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་ཡོད་པ་བཅས།།