༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་ཨོ་གླིང་རྒྱལ་ཡོངས་རིག་གཞུང་དུས་སྟོན་ཐོག་བོད་མི་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་གནང་ཡོད། སྐབས་དེར་ཨོ་གླིང་ (ACT) གི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨེན་ཊི་རུ་བཱར་མཆོག་མཉམ་ཞུགས་གནང་ཞིང་བོད་མི་རྣམས་ནས་ཀེན་བྷེ་རའི་སྤྱི་ཚོགས་ལ་ཞབས་འདེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དེ་ཡང་ཀེན་བྷེ་རའི་བོད་རིགས་མཐུན་ཚོགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞལ་ཟས་དང་། རིག་གཞུང་འཁྲབ་སྟོན། དེ་བཞིན་ཐོན་མི་སློབ་གྲྭའི་དགེ་སློབ་རྣམས་ནས་བོད་ཀྱི་རྒྱལ་དར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བསྣམས་ཏེ་གོམས་འགྲོས་དང་། བཀྲ་ཤིས་གཞོལ་པ་བཅས་ཀྱི་སྒོ་ནས་འགྲེམས་སྟོན་ཞུས་ཡོད།
ཨོ་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཡང་མཉམ་ཞུགས་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དཔེ་ཁག་འགྲེམས་སྤེལ་དང་། བོད་ནང་གི་ཛ་དྲག་གནས་སྟངས་རྣམས་དམངས་ལ་ངོ་སྤྲོད་གནང་བ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་སྐུ་ཚབ་དོན་ཁང་གི་ལས་གཞི་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།ཨོ་གླིང་རྒྱལ་ཡོངས་རིག་གཞུང་དུས་སྟོན་སྐབས་ལོ་ལྟར་རྒྱལ་ཁབ་དང་མི་རིགས་འདྲ་མིན་ནས་སོ་སོའི་རིག་གཞུང་འགྲེམས་སྟོན་ཆེད་མཉམ་ཞུགས་གནང་གི་ཡོད་པ་བཅས།།