༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༨ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་རྣམ་གཉིས་རྒྱ་གར་མངའ་སྡེ་མདྱ་པྲ་དེཤ་ (Madhya Pradesh) དང་། ཆ་ཏིས་གྷར་ (Chhattisgarh) དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གནང་དང་གནང་མུས་ལྟར། སྤྱི་འཐུས་རྣམ་གཉིས་རྒྱ་གར་མངའ་སྡེ་མདྱ་པྲ་དེཤའི་གྲོང་ཁྱེར་ཨཱིན་ཊོར་དུ་ Sage University གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་དང་སློབ་སྤྱི་སོགས་གཙོས་པའི་དགེ་སློབ་ཁྱོན་ ༣༠༠ ལྷག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དོན་ཞུ་སྐུལ་དང་འབྲེལ་བའི་གནད་དོན། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སོགས་རྒྱ་གར་མི་མང་དང་སྲིད་གཞུང་གིས་བོད་དོན་ཆེད་ལས་དོན་ཇི་ལྟར་བརྩམ་དགོས་ཐོག་ལ་གཏམ་བཤད་དང་དྲི་བ་སོགས་ལ་ལན་འདེབས་གནང་།
ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ Dr. Mayank Saxena མཆོག་གིས་མ་འོངས་པར་བོད་པའི་ཆེད་སློབ་ཁྲིད་དང་ཉམས་ཞིབ་ཆེད་སྡེ་ཚན་ཞིག་ཟུར་དུ་འགོ་འཛུགས་ཞུ་རྒྱུའི་ཞལ་བཞེས་གནང་བར་ཁོང་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་མཇལ་དར་བཅས་ཕུལ། དེ་རྗེས་ཁོང་རྣམ་པ་ཨཱིན་ཊོར་གྲོང་ཁྱེར་གསར་འགོད་ཚོགས་པའི་ཚོགས་ཁང་ (State Press Club) དུ་གསར་འགོད་གསལ་བསྒྲགས་ཐོག་གསར་ཤོག་ཁག་ ༡༥ དང་། YouTube channel ༤ གསར་འགོད་བརྙན་ལེན་ ༤ བཅས་གསར་འགོད་པ་ཁྱོན་མི་གྲངས་ ༢༣ ཕེབས་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་ངོ་སྤྲོད་གྲུབ་རྗེས་བཅར་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་། དུས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དེབ་ཆུང་དང་ཡིག་ཆ་སོགས་འགྲེམས་སྤེལ་ཞུས་ཡོད་པ་རེད།
དེ་རྗེས་རྒྱ་གར་མཐོ་སློབ་ (Acropolis Institute of Management Studies and Research) གྱི་དགེ་སློབ་གྲངས་ ༢༥༠ ཙམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་སྐོར། བོད་འདི་རྒྱ་གར་ལ་ཇི་ལྟར་གལ་འགངས་ཆགས་ཚུལ་སོགས་དང་། དྲི་བ་ཁག་ལ་ལན་འདེབས་སྐབས་མ་འོངས་པར་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་ཐོག་ནས། ད་ལྟ་རྒྱ་གར་གྱི་གསར་འགོད་པ་དང་མི་རེ་ཟུང་གིས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཟེར་བ་སོགས་ནོར་འཁྲུལ་ཡིན་པ་དང་། བོད་དང་རྒྱ་གར་གྱི་ས་མཚམས་ཟེར་ན་ང་ཚོ་ཚང་མར་ཁེ་ཕན་ཡོད་པ་ཤེས་དགོས། དེ་ཡང་ལོ་རྒྱུས་གཞིར་བཞག་ནས་གསུང་ན་དངོས་ཡོད་དང་མཐུན་པས་ལོ་རྒྱུས་ཀྱིས་ང་ཚོར་ནམ་ཡང་བསླུ་བྲིད་མི་གཏོང་བའི་ལན་འདེབས་གསལ་བཤད་སོགས་གྲུབ་རྗེས་མཐོ་སློབ་ཀྱི་འགན་འཛིན་སྐུ་ཞབས་ Dr. Anant Gwal མཆོག་གིས་གཙོས་ལས་འགན་གཙོ་བཞེས་གནང་མཁན་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དྲན་རྟེན་ཕྱག་རྟགས་དང་མཇལ་དར་བཅས་ཕུལ། རྒྱ་གར་མངའ་སྡེ་མདྱ་པྲ་དེཤའི་ཁུལ་གྱི་ཞུ་སྐུལ་ལེགས་གྲུབ་བྱུང་རྗེས། སྤྱི་འཐུས་རྣམ་པ་གཉིས་མན་སྤར་ས་གནས་འགོ་འཛིན་མཆོག་དང་ལས་དྲུང་བཅས་ཆ་ཏིས་གྷར་མངའ་སྡེའི་ཕྱོགས་སུ་ཕེབས་ཡོད་པ་བཅས།།