༄༅། །བལ་ཡུལ་མཐའ་མཚམས་ཤར་ཝ་ར་ས་གནས་འགོ་འཛིན་སྡེ་འགན་ཚེ་རིང་སྒྲོལ་མའི་ཚབ་གསར་དུ་སྡེ་འགན་བསྟན་འཛིན་དཔལ་ལྡན་ལགས་བསྐོ་གཞག་གནང་དོན་ལྟར་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་གནང་སྟེ། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༡༣ རེས་གཟའ་སྤེན་པ་ཉིན་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ནས་ཤར་ཝ་ར་ས་གནས་འགོ་འཛིན་གྱི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་ཁག་དང་ལས་ཁུངས་ཀྱི་ཅ་དངོས་རིགས་རེ་རེ་བཞིན་ས་གནས་འགོ་འཛིན་གསར་པར་རྩིས་སྤྲོད་གནང་ཡོད།
དེ་རྗེས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༤ ནས་ ༢༦ བར་ཁྱབ་ཁོངས་ཤར་ཁུམ་བུ་བདེ་ལེགས་གླིང་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་གུ་རུ་ལྷ་ཁང་དང་། མི་མང་གི་ས་ཁང། ཀུ་ཤུ་ལྡུམ་ར། མཉམ་འབྲེལ་གྱི་ཟ་ཁང་། མགྲོན་ཁང་། སློབ་གྲྭ ས་གནས་འགོ་འཛིན་ལས་ཁུངས་དང་ཅ་དངོས་རྣམས་རེ་རེ་བཞིན་གཟིགས་ཞིབ་དང་རྩིས་སྤྲོད་གནང་ཞིང་། དེ་ཉིན་དགོང་དྲོ་ཤར་ཁུམ་བུ་བདེ་ལེགས་མ་ནི་ཚོགས་ཁང་དུ་གཞིས་མི་རྣམས་ནས་འཚམས་འདྲིའི་མཇལ་དར་ཕུལ་ཡོད་པ་དང་ནང་སྲིད་སྐུ་ཚབ་སྤྲོད་དཔང་དང་ས་གནས་འགོ་འཛིན་གསར་རྙིང་གཉིས་ནས་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༣༡ ཉིན་ཤར་ཝ་ར་ས་གནས་ཀྱི་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་གནད་ཡོད་མི་སྣ་ཁག་འདུ་འཛོམས་ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་ས་འགོ་གསར་རྙིང་གཉིས་དབར་ཞབས་སྟེགས་བརྗེ་ལེན་དང་འཚམས་འདྲི་གནང་ཡོད་པ་བཅས།།