༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༥ ཉིན་ཨོ་གླིང་སྐུ་ཚབ་དོན་ཁང་དང་རྒྱ་ནག་མང་གཙོ་མཐུན་ཚོགས་གཉིས་ཟུང་སྦྲེལ་གྱིས་ན་གཞོན་བོད་རྒྱ་མཛའ་བརྩེ་འབྲེལ་ལམ་འདུ་འཛོམས་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་དང་། ཐའེ་ཝན། ཧོང་ཀོང་། དེ་བཞིན་ས་གནས་བོད་རིགས་བཅས་གཞོན་སྐྱེས་ ༢༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི་རྒྱ་ནག་དང་བོད་གཉིས་ཀྱི་མི་རིགས་བར་འབྲེལ་ལམ་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་ནང་བོད་རྒྱའི་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ། བོད་རྒྱ་གཉིས་སྔོན་ཆད་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་སོགས་ནན་བཤད་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་གྲོས་མོལ་བརྒྱུད་ནས་རྩོད་རྙོག་རྣམས་ཞི་བའི་ལམ་ནས་སེལ་ཐབས་བྱེད་རྒྱུ་དེ་ང་ཚོ་མདུན་སྐྱོད་བྱེད་པའི་མཐར་ཐུག་གི་ལམ་ཡིན་པ་བཅས་འགྲེལ་བརྗོད་གནང་ཡོད།
དེ་ནས་རྒྱ་ནག་མང་གཙོ་མཐུན་ཚོགས་ཀྱི་ཚོགས་གཙོ་ (Dr Jinjiang Zhong) ལགས་དང་། སི་ཌི་ནི་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ (Duoduo Zhang) ལགས་གཉིས་ཀྱིས་ལས་རིམ་སྟངས་འཛིན་གནང་ཞིང་། མཉམ་ཞུགས་པ་རྣམས་ལ་བསྔགས་བརྗོད་དང་འབྲེལ། བགྲོ་གླེང་འདི་ལྟ་བུས་མི་རིགས་བར་ཡིད་ཆེས་དང་། འབྲེལ་ལམ་ཡར་རྒྱས་གཏོང་གི་ཡོད་པ་མ་ཟད། མ་འོངས་པར་མཉམ་ལས་ཀྱི་སྒོ་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་རྗེས་སི་ཌི་ནི་བཟོ་ལས་མཐོ་སློབ་ཀྱི་རྒྱ་ཡིག་སློབ་དཔོན་ (Chungyi Feng) ལགས་དང་། ཡུ་རོབ་ཀྱི་རྒྱ་ནག་འབྲེལ་མཐུད་པ་ཟུར་པ་བློ་བཟང་ཉི་མ་ལགས་གཉིས་ཀྱིས་རྒྱ་ནག་གི་དེང་རབས་ལོ་རྒྱུས་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ། གཞོན་སྐྱེས་སོགས་ཀྱི་སྐོར་གསུང་བཤད་གནང་།
སློབ་དཔོན་ཕེང་ལགས་ཀྱིས་རྒྱ་ནག་གི་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་གིས་བོད་མིར་གདུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་པས་བོད་དང་རྒྱ་མི་རིགས་གཉིས་ཀྱི་དབར་ལ་དབྱེན་སྦྱོར་བྱུང་བ་སོགས་ཀྱི་སྐོར་གསུངས། དེ་བཞིན་དུས་སྐབས་འདི་འདྲ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་རྗེས་སུ་འབྲངས་ཏེ་བོད་རྒྱའི་དབར་གྱི་ཞི་བའི་མཛའ་འབྲེལ་སླར་གསོ་བྱེད་པར་འབད་བརྩོན་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་བཅས་གསུངས།
དེ་མཚུངས་ད་ལྟ་སུད་སི་བཞུགས་པའི་བློ་བཟང་ཉི་མ་ལགས་ཀྱིས་ཐད་མཐོང་བརྒྱུད་གསུང་བཤད་གནང་། ཁོང་གིས་བོད་མི་ཚོ་ནི་བྱམས་བརྩེའི་རང་བཞིན་ཅན་ཡིན་ཞེས་གྲགས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་མཛད་པའི་བཀའ་དྲིན་ལ་བརྟེན་ནས། བོད་མི་ཚོས་ད་དུང་ཡང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྩོད་རྙོག་སེལ་བའི་འདུན་པ་བཅངས་ཡོད་བཅས་གསུངས།
ཚོགས་འདུའི་དུས་ཡུན་ཆུ་ཚོད་གསུམ་རིང་མཉམ་ཞུགས་རྣམས་ཀྱིས་བོད་ཇ་དང་རྒྱ་བོད་གཉིས་ཀྱི་ཡིག་ཚུགས་ཀྱི་ལམ་ནས་གྲོས་མོལ་གནང་སྟེ་ཚོགས་འདུ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།