༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཕིན་ལེནྚ་དང་། ཨེསྚོ་ནི་ཡཱ། ལཱཊ་ཝི་ཡཱ། ལི་ཐུ་ནི་ཡཱ་བཅས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཟླ་ ༢ ཚེས་ ༠༡ ཉིན་ཨིན་ཡུལ་གྱི་གྲོང་ཁྱེར་ལན་ཊན་དུ་ཕེབས་འབྱོར་གནང་ཡོད་པ་རེད། གནམ་ཐང་དུ་ལན་ཊན་ཁུལ་གྱི་བོད་མི་ཚོས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུ་ཞུས་འདུག
ཕྱི་ཚེས་ ༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་དང་ཆེད་མཁས་པ་ཁག་ཅིག་དང་ལྷན་བོད་རྒྱའི་དཀའ་རྙོག་གི་གནད་དོན་དེ་ཨིན་ཡུལ་དང་རྒྱལ་སྤྱིའི་ཐོག་གླེང་སློང་གནང་རྒྱུའི་སྐོར་ཚོགས་འདུ་ཁག་གཉིས་གནང་བ་དང་། དེའི་རྗེས་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་ཟུང་སྦྲེལ་གྱིས་བོད་དོན་ཞུ་གཏུག་གནང་མཁན་གྱི་ཚོགས་པ་ཁག་དང་། ཨིན་ཡུལ་བོད་རིགས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་སོགས་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་ ༣ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝཱར་ཝིག་གཙུག་ལག་སློབ་གཉེར་ཁང་གི་ཝཱར་ཝིག་དཔལ་འབྱོར་གླེང་སྟེགས་ཐོག་ཕེབས་བཞུགས་གནང་ཡོད། དེ་ནས་མན་ཆེ་སི་ཊར་དང་། བྷིར་མེང་ཧེམ། ལི་ཌི། ཝི་རལ་བཅས་སུ་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་སྐབས་ ༡༦ པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་འགྲེམས་སྤེལ་གནང་ཞིང་། ཁོང་རྣམས་ཀྱི་བཅར་འདྲིར་དང་ལེན་གནང་ཡོད།
གུང་ཚིགས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝཱར་ཝིག་དཔལ་འབྱོར་གླེང་སྟེགས་ཀྱི་གསུང་བཤད་པ་རྣམས་དང་ལྷན་བཀའ་མོལ་གནང་བ་དང་། གུང་ཚིགས་གྲུབ་རྗེས་ཝཱར་ཝིག་དཔལ་འབྱོར་གླེང་སྟེགས་ཀྱི་འབྲེལ་ཡོད་སྐུ་ཞབས་ཇོ་སེབ་བྷེ་རེན་ནན་ལགས་ཀྱི་གཙོ་སྐྱོང་འོག་སློབ་ཕྲུག་ཁག་ཅིག་དང་ལྷན་སྲིད་སྐྱོང་མཆོག་གི་བྷལ་ཊིག་མངའ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གྱི་གནས་ཚུལ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱིའི་ཐོག་ངོ་སྤྲོད་དང་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད།
ཉིན་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་བཞི་བརྒྱ་ལྷག་ཙམ་ལ་ (Tibet: Challenges of a Values-based Freedom Movement) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་ཡང་གསུང་བཤད་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞིར་རྩིས་མེད་རྡོག་རོལ་གཏོང་བར་བོད་མི་ཚོས་ཞི་བདེ་དང་། བརྩི་བཀུར། སྙིང་རྗེ་བཅས་ཀྱི་ཐོག་ནས་གདོང་ལེན་བྱེད་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་རྒྱ་རིགས་སློབ་མ་ཁག་ཅིག་ཡང་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད་སྟབས་ཁོང་ཚོའི་བརྒྱུད་བོད་ཀྱི་ཞི་བདེ་དང་དབུ་མའི་ལམ་གྱི་སྐོར་རྒྱ་ནག་མི་མང་ལ་བརྡ་ལན་ཡོང་བའི་གོ་སྐབས་ཤིག་ཡིན་པའི་ངོས་འཛིན་གྱིས་དགའ་བསུ་ཞུས་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་ཝཱར་ཝིག་དཔལ་འབྱོར་གླེང་སྟེགས་སུ་གསུང་བཤད་གནང་མཁན་བོད་ཀྱི་དབུ་ཁྲིད་ཐོག་མ་ཡིན་པ་མ་ཟད། ཝཱར་ཝིག་གཙུག་ལག་སློབ་གཉེར་ཁང་གི་མང་ཚོགས་ནས་ཀྱང་དགའ་བསུ་ཧ་ཅང་རྒྱས་པོ་ཞུས་འདུག
སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐབས་འདིའི་ཕིན་ལེནྚ་དང་། ཨེསྚོ་ནི་ཡ། ལཱཊ་ཝི་ཡཱ། ལི་ཐུ་ནི་ཡཱ། ཨིན་ཡུལ་བཅས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་ཞུས་ཡོད་པ་དང་། ཕྱོགས་བསྐྱོད་འདིའི་རིང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ལགས་དང་། དྲུང་ཆེ་བློ་ཆོས་བསམ་གཏན་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་བཅས།།