༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༠༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བྷལ་ཊིག་རྒྱལ་ཁབ་དང་། ཕིན་ལེནྚ། ཨིན་ཡུལ། བེལ་ཇམ་བཅས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་ནས་རྒྱ་གར་གྱི་གྲོང་ཁྱེར་བེང་ལོར་དུ་ཕེབས་འབྱོར་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་བེང་ལོར་གྱི་ Mount Carmel མཐོ་སློབ་ཏུ་ཕེབས་ཏེ་བོད་མཐོ་སྒང་གི་གོ་ལའི་རང་བཞིན་གྱི་གལ་གནད་སྐོར་དང་། འཛམ་གླིང་ཡང་རྩེ་རུ་འབོད་པའི་བོད་འདི་ནི་འཛམ་གླིང་སྟེང་འབྱུང་ཁམས་དོ་སྙོམས་ཀྱི་ཐོག་ནས་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང་། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་དང་། རིག་གཞུང་། ས་ཁམས་རིག་པ་བཅས་ཀྱི་སྐོར་གསུང་བཤད་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ཚོགས་ཐུན་ཞིག་འཚོགས་ཤིང་། དེར་སློབ་མ་རྣམས་ནས་མཉམ་ཞུགས་གནང་ཏེ་བོད་དོན་སྐོར་དོ་སྣང་ཆེན་པོ་བསྟན་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་མ་གནང་གོང་མཐོ་སློབ་ཀྱི་དགེ་རྒན་ལས་བྱེད་རྣམས་དང་གླེང་མོལ་གནང་ཡོད་པ་རེད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ New Indian Express གྱི་གསར་འགོད་པ་བཱ་ལཱ་ཅོ་ཧཱན་ལགས་ལ་བོད་ཀྱི་རང་དབང་ལས་འགུལ་སྐོར་བཅར་འདྲིར་དང་ལེན་གནང་ཡོད་པ་མ་ཟད། དེ་རྗེས་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་དང་འཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་གྲོས་མོལ་གནང་ཡོད་པ་བཅས།།