༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཁྱབ་ཁོངས་བོད་ཀྱི་ཆོས་སྡེ་ཆེ་ཁག་གི་དགེ་རྒན་རྣམས་ལ་གཞི་རིམ་སློབ་ཁྲིད་གནང་སྟངས་སྐོར་གྱི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ཟླ་ ༢ ཚེས་ ༢༡ ནས་ཕྱི་ཟླ་ ༣ ཚེས་ ༣༠ བར་གོ་སྒྲིག་ཞུས་ཡོད།
ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་ནི། ཆོས་སྡེ་ཁག་ནང་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་རྣམས་ལ་ཤེས་ཡོན་སློབ་ཁྲིད་དེང་དུས་དང་ཐུན་པའི་ཐོག་གནང་ཐབས་དང་། ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཐེངས་ ༡༤ པའི་གྲོས་ཆོད་ “དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་སྤྱི་དང་། ལྷག་པར་གྲྭ་བཙུན་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་མཁན་དགེ་རྒན་ཚོར་དེང་དུས་དང་མཐུན་པའི་དགེ་རྒན་འོས་སྦྱོང་ཚད་ལྡན་སྤྲོད་ཐབས་དགོས་རྒྱུ།” དགོངས་དོན་ལྟར་ཟབ་སྦྱོང་འདི་གོ་སྒྲི་ཞུས་ཡོད། དབུ་འབྱེད་མཛད་སྒོའི་ཐོག་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་དབུ་ཞུགས་ཀྱིས་ཟབ་སྦྱོང་དུ་ཕེབས་པའི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་གི་གལ་གནད་སྐོར་དང་། ལྷག་པར་དགོན་པ་ཁག་ནང་སྲོལ་རྒྱུན་གྱི་སློབ་ཁྲིད་གནང་ཕྱོགས་བཟང་པོ་ཞིག་ཡོད་མུས་ཐོག་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་བེད་སྤྱོད་གནང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་ལགས་ནས་ཟབ་སྦྱོང་ཉིན་གྲངས་ ༤༠ རིང་སློབ་ཚན་གང་དང་གང་སློབ་ཁྲིད་གནང་གི་ཡོད་པ་རྣམས་ངོ་སྤྲོད་རྒྱས་པར་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་བྱང་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཆོས་སྡེ་ཁག་ནས་དགེ་རྒན་ ༢༤ མཉམ་ཞུགས་གནང་ཐུབ་ཡོད། ཉིན་གྲངས་ ༤༠ ཟབ་སྦྱོང་རིང་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་བོད་ཀྱི་སྐད་ཡིག་ཁྲིད་ཐབས། སློབ་གསོ་རིག་པ། བྱིས་པའི་སེམས་ཁམས་ཤེས་ཡོན། སི་ཤེས་ཡོན། རྩོམ་རིག་དང་རྩོམ་རིག་ཁྲིད་ཐབས་སོགས་སྦྱོར་རྡར་གནང་གི་ཡོད། ཟབ་སྦྱོང་འདི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་དེང་དུས་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་ཐོག་མ་ཞིག་ཀྱང་ཆགས་ཀྱི་ཡོད། །