༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་གྱི་ལས་གཞི་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་འགོ་འཛུགས་ཞུས་ཡོད་པ་དང་། ལས་གཞིའི་འདིའི་ཁོངས་བོད་རིགས་གཞོན་སྐྱེས་རྣམས་ཀྱི་དེང་དུས་འཕྲུལ་ལས་ནུས་པ་གོང་འཕེལ་དང་ལས་ཀའི་གོ་སྐབས་སྐྲུན་རྒྱུའི་ཆེད་དུ་བོད་ཀྱི་གཞོན་སྐྱེས་ ༨ ལ་ཕྱི་ལོ་ ༢༠༢༤ ཟླ་ ༤ ནས་ ༩ བར་ཟླ་དྲུག་རིང་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་ཝདྷ་ཝཱ་ནི་བཅོས་མའི་རིག་རྩལ་ཚོགས་པ་ (Wadhwani AI) རུ་གླ་ཡོད་ཉམས་གསོག་གོ་སྐབས་འབུལ་རྒྱུ་ཡིན།
ཝཱདྷ་ཝཱཎི་བཅོས་མའི་རིག་རྩལ་ཚོགས་པ་ནི་བཅོས་མའི་རིག་རྩལ་དང་དེང་དུས་འཕྲུལ་ལས་ཐོག་ཆེད་ལས་པའི་ཚོགས་པ་ཞིག་ཡིན། ཚོགས་པ་དེའི་ལས་རིག་གཙོ་བོ་ནི་བཅོས་མའི་རིག་རྩལ་ཀྱི་ཐབས་ལམ་བེད་སྤྱོད་བཏང་ནས་འཕྲོད་བསྟེན་དང་། ཞིང་ལས། ཤེས་རིག ཚོང་ལས་སོགས་ཀྱི་ཐོག་ཐབས་བྱུས་ལྡན་པའི་ལས་ཀ་གནང་སྟངས་སྐོར་རོགས་རམ་ཞུ་ཡི་ཡོད། ཚོགས་པ་དེར་ཆེད་ལས་པ་ ༢༠༠ ལྷག་ཡོད་པ་དང་། ཆེད་ལས་ཀྱི་ལས་རིགས་གཙོ་ཁག་ནི། བཅོས་མའི་རིག་རྩལ་ཉམས་ཞིབ་དང་གསར་བཏོད། མཉེན་ཆས་བཟོ་རིག་སོགས་ཡིན།
བོད་རིགས་གཞོན་སྐྱེས་ཁྲོད་ནས་གླ་ཡོད་ཉམས་གསོག་ནང་ཞུགས་འདོད་ཡོད་ཚེ། གཤམ་འཁོད་དགོས་མཁོའི་ཡིག་ཆ་ཁག་དང་ལྷན་དུ་སྙན་ཞུའི་འགེངས་ཤོག་བཀང་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༠ འགྱངས་མེད་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ [email protected] ཐོག་འབུལ་དགོས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༣ ཉིན།།
མཐུན་འགྱུར་ཁག
༡། ཟླ་རེར་འཚོ་སྣོན་སྒོར་ ༢༥,༠༠༠ རེ།
༢། ཡིག་ཆས་ཉོ་ཆེད་སྒོར་ ༡༠,༠༠༠
༣། བཞུགས་ཡུལ་ས་གནས་ནས་དིལླི་བར་གྱི་ལམ་གྲོན།
དགོས་ངེས་ཡིག་ཆ།
༡། སྙན་ཞུའི་འགེངས་ཤོག
༢། དང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་དང་པོ་དང་མཐའ་མའི་ངོ་བཤུས།
༣། འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཀྱི་ངོ་བཤུས།
༤། རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས། Resume in English
༼ཡིག་ཆ་ཁག་ལ་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་དག་མཆན་འགོད་དགོས།༽