༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཤེས་རིག་དྲུང་འཕར་བསོད་ནམས་བཟང་པོ་ལགས། འཕྲོད་བསྟེན་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་བཅས་ཚོགས་ཞུགས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཞིང་། ཐོག་མར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལས་གཞི་དེ་དང་འབྲེལ་བའི་གསུང་དོན། འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལྷན་ཁང་བཞིས་རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་སྣ་ཚོགས་གནང་ཡོད་ཀྱང་། དེ་དག་གི་གྲངས་ཐོ་ཚད་ལྡན་ཞིག་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ངོས་ནས་ལས་འཆར་གང་འདྲ་ཞིག་སྤེལ་བ་དེ་དག་ཚགས་ཚུད་ཡོང་གི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། དེང་སང་འཛམ་གླིང་འགྱུར་འགྲོས་དབང་གིས་ཁྱིམ་ཐོ་ཞིབ་བཤེར་ཞིག་དགོས་རྒྱུ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༥ ནས་བཟུང་སྤྱི་ཚོགས་ཞབས་ཞུའི་ལྷན་ཁང་བཞིས་བགྲོས་བསྡུར་གྱིས་ཁྱིམ་ཐོ་ཞིབ་བཤེར་ཚད་ལྡན་ཞིག་བཟོ་རྒྱུ་གཏན་ཁེལ་བ་ཡིན། ཞེས་དང་།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༧ ནས་ ༢༠༢༢ བར་ཐོ་བཤེར་གྱི་ལས་གཞི་ཐེངས་གཉིས་གནང་ཡོད་པར་བརྟེན་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་མང་དག་ཅིག་ཚགས་ཚུད་བྱུང་ཡོད་སྟབས། དེར་དམིགས་དཔེ་བླངས་ཏེ་ཕྱི་ལོ་ ༢༠༢༤ ཟླ་ ༡ ནས་བཟུང་རྒྱ་བལ་གཉིས་ཀྱི་ས་གནས་འགོ་འཛིན་རྣམས་དང་ཚོགས་འདུའི་བརྒྱུད་རིམ་མང་པོ་གནང་ཡོད། ས་གནས་ཀྱི་མི་མང་དང་གཞོན་སྐྱེས་རྣམས་ལ་ལས་གཞི་དེའི་གོ་རྟོགས་སྤེལ་སླད་ལྷོ་ཕྱོགས་གཞིས་ཆགས་ཁག་དང་། སི་ལཱི་གུ་རི། སྤོན་ཊ། དྷ་རམ་སཱ་ལཱ། ལ་དྭགས་བཅས་སུ་ཁྱོན་བསྡོམས་ཟབ་སྦྱོང་བདུན་གོ་སྒྲིག་ཞུས་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་ ༢ ཚེས་ ༡༧ ཐོག་ཟབ་སྦྱོང་ཐོག་མ་དེ་འགོ་བཙུག་རྒྱུ་ཡིན། ལས་གཞི་འདི་ནི་བོད་ཀྱི་ཐེབས་རྩ་ཁང་གི་མཐུན་འགྱུར་རོགས་རམ་དང་། རྒྱ་གར་སམ་བོ་དྷི་ཚོགས་པས་རྒྱབ་སྐྱོར་གནང་བ་ཞིག་ཡིན། བོད་མིའི་སྒྲིག་འཛུགས་ངོས་ནས་འདས་པའི་ལོ་དྲུག་བཅུའི་ནང་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། མི་མང་ངོས་ནས་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་ངོ་སྤྲོད་གནང་ཡོད།
དེ་མཚུངས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དེ་གལ་ཆེན་པོ་ཡིན་ཚུལ་དང་། བོད་མིའི་སྒྲིག་འཛུགས་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ཡང་ས་གནས་ཁག་གི་ཁྱིམ་ཐོ་ཚད་ལྡན་ཞིག་མེད་དུས་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་པ། དེ་མ་ཟད་མ་འོངས་པར་སྤྱི་ཚོགས་ནང་རྗེས་ལུས་ཐེབས་པའི་གནས་སྟངས་ཤིག་ཏུ་འགྱུར་ཉེན་ཆེ་བས། སྤྱི་ཚོགས་ཞབས་ཞུའི་ལྷན་ཁང་བཞི་ནས་ལས་འཆར་གང་སྤེལ་བའི་ནང་མི་མང་ནས་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་ཡོད་པ་དང་སྦྲགས། ཁྱིམ་ཐོ་ཞིབ་བཤེར་འདི་བརྒྱུད་ལས་གཞི་རྣམས་ཚགས་ཚུད་དང་ཕུགས་རྒྱང་རིང་པོ་གནས་ཐུབ་རྒྱུའི་ཕན་ཐོགས་ཡོད་པ་བཅས་ཀྱི་སྐོར་གསུངས་ཡོད། དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་མི་མང་རྣམས་ནས་འཚེར་སྣང་མེད་པའི་ཐོག་ལས་གཞི་དེའི་ཐོག་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་བཅས།།