༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་གཞུང་འབྲེལ་སྐུ་མགྲོན་སྣེ་ཤན་ཞུ་ཕྱོགས་དང་འབྲེལ་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་དེ་རིང་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་སྐབས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ཕྱི་དྲིལ་དྲུང་ཆེ་ནས་ཟབ་སྦྱོང་འདི་བཞིན་བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་མགྲོན་སྣེ་ཤན་ཞུ་ཕྱོགས་ཐད་དུས་དང་མཐུན་པའི་སྒོ་ནས་ལག་བསྟར་གང་ཡོད་ཚད་དང་ལྡན་པ་ཞིག་བཟོ་རྒྱུར་དམིགས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པས། ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་ལས་བྱེད་རྣམ་པས་སྣེ་ཤན་དང་འབྲེལ་བའི་གནང་སྟངས་གནང་ལུགས་ཁག་ལ་རྒྱུ་མཚན་དང་རྒྱབ་ལྗོངས་མཁྱེན་པའི་ཐོག་ནས་ལག་བསྟར་ཡོང་རྒྱུར་ཐུགས་སྣང་དགོས་སྐོར་གསུངས་ཡོད།
དེ་རིང་ནས་འགོ་འཛུགས་ཞུས་པའི་ཉིན་གྲངས་གསུམ་གྱི་ཟབ་སྦྱོང་འདིའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག་ཁྱབ་ཁོངས་ལྷན་ཁང་ཁག་གི་བཀའ་བློན་དང་དྲུང་ཆེ་རྣམ་པའི་སྒེར་དྲུང་། སྣེ་ལེན་ཞབས་ཞུ་བ་དང་སྣེ་ཤན་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྲི་ཞུའི་ལས་བྱེད་ཁྱོན་ ༡༧ མཉམ་ཞུགས་གནང་གི་ཡོད་པ་དང་། ཁོང་རྣམ་པར་སྣེ་ཤན་དང་འབྲེལ་བའི་ལས་དོན་ཐོག་གི་ཁྱད་ལས་སྡེ་ཁག་ (Protocol International) ཞེས་པ་ནས་སྐུ་ཞབས་མག་ཝར་ཧིལ་ (Mark Verheul)ལགས་དང་། ལྕམ་སྐུ་མར་སི་མེ་ལི་ (Maryse Larche Mele)ལགས་གཉིས་ཀྱིས་གནད་ཡོད་མི་སྣ་དང་དཔོན་རིགས་སོགས་སྐུ་མགྲོན་གྱི་གོ་རིམ་འགྲོ་སྟངས་དང་། མཛད་སྒོ་དང་ཚོགས་འདུ་སོགས་གོ་སྒྲིག་སྐབས་བཞུགས་གྲལ་གཙོ་བོར་བྱེད་པའི་གནང་སྒོ་གཙོ་ཆེ་བ་སོགས་གཞུང་འབྲེལ་སྣེ་ཤན་དང་སྣེ་ལེན་ཞུ་ཕྱོགས་རྒྱལ་སྤྱིའི་སྒྲིག་སྲོལ་ལམ་ལུགས་དང་མཐུན་པ་ངོ་སྤྲོད་གནང་གི་ཡོད་པ་བཅས།།